ཚེ་ཡི་མེ་ཏོག་བཞད་སའི་རི་ལུང་གཅིག་ནས།།
བྱིས་པའི་རྨི་ལམ་གཙང་མ་མཉམ་དུ་རྨིས་ཤིང་།།
ན་ཆུང་གཞོན་པའི་ལང་ཚོ་ལྷན་དུ་རྫོགས་ཏེ།།
མི་ལོ་ཉི་ཤུ་བརྒལ་སོང་སེམས་ཀྱི་གྲོགས་པོ།།
རེ་ཞིག་འཚོ་བའི་རྐྱེན་པས་ལྷན་འཛོམ་ཉུང་ཡང་།།
ཕན་ཚུན་བརྩེ་བའི་བག་ཆགས་ཡལ་བའི་དཔེ་མེད།།
ཚེ་ཡི་ཉི་མ་ནུབ་ནས་འཆི་ཁར་བསླེབས་ཀྱང་།།
དྲན་པའི་ཀློང་ནས་བརྗེད་མེད་སྙིང་གི་དུམ་བུ།།
མ་འཕྲད་ལོ་ཟླས་མནར་བ་དྲན་གདུང་རྒོད་ཀྱང་།།
འདས་སོང་བྱིས་དུས་སྣང་བར་ཕྱིར་དྲན་ཁྲོད་ནས།།
མི་འགྱུར་བརྩེ་བའི་དམ་བཅའ་ཐེར་ཟུག་གནས་ན།།
མཉམ་འཛོམ་སྐལ་བ་ཉུང་རུང་འགྱོད་དགོས་མི་འདུག།
དབྱར་གྱི་སྤང་གཞུང་རེ་ལ་དགོད་སྒྲ་ལུས་ཤིང་།།
དགུན་གྱི་གྲང་ངད་ཀློང་ན་སེམས་གཏམ་ལྷག་རུང་།།
ལོ་ན་རྒས་དུས་ཡིན་ཡང་བརྩེ་བས་འཛོམས་ན།།
ང་གཉིས་འཕང་སེམས་མི་དགོས་དེ་གས་འགྲིག་བཞག།
རེ་ཞིག་འཚོལ་སྙེག་ལམ་བུར་སོ་སོར་བསྐྱོད་དེ།།
བར་ཐག་རི་ཆུས་བཅད་པས་འགྲོགས་འདྲིས་དབེན་ཡང་།།
གཅིག་སེམས་གཅིག་ལ་དུང་བའི་ཁྱོད་དང་ང་གཉིས།།
དུང་སེམས་རྡོ་རྗེའི་མདུད་པ་ནམ་ཡང་མི་ལྷོད།།
སློབ་གཉེར་ཐན་ཐུན་བྱེད་པའི་བར་གསེང་ཞིག་ནས།།
སྐྱིད་སྡུག་སྐད་ཆ་བཤད་པའི་དུས་ཚིགས་ཉུང་ཡང་།།
ཨ་གསར་སེམས་པས་མ་ལྷད་ཁྱོད་དང་ང་གཉིས།།
མི་འགྱུར་ཆུང་ནས་འདྲིས་པའི་བརྩེ་བ་མི་འདོར།།
བོས་ཀྱང་ཕྱིར་ལན་མེད་པའི་རྒྱང་རིང་ཞིག་ནས།།
གཅིག་སེམས་གཅིག་ལ་དུང་བའི་དྲན་གདུང་ཀློང་ན།།
འདུ་བྲལ་སྐྱོ་ཤས་ཁྲོད་དུ་རེ་བས་སྒུགས་དང་།།
དགྱེས་འཛོམས་སྐྱིད་ཀྱི་ཉི་གཞོན་ནམ་ཞིག་ཤར་ངེས།།
༼ དམར་ཁ་ཚ། ༽