ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ4ཚེས3ཉིན་གློག་འཕྲིན་འབྱོར་གསལ། ཚེས3ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས་ནན་གསུང་གནང་དོན། ཤིང་འཛུགས་ནགས་བཟོ་ནི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། ས་གནས་ཁག་དང་སྡེ་ཚན་ཁག་གིས་སྔར་བས་བྱ་སྤྱོད་སྤེལ་ཏེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ནགས་བཟོ་སྔོ་འགྱུར་ཁྲོད་ཞུགས་པར་སྐུལ་སློང་བྱེད་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་བ། སྐྱེ་ཁམས་རིག་གནས་དར་སྤེལ་གཏོང་བ། མཛེས་པའི་ཀྲུང་གོ་མཉམ་དུ་སྐྲུན་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས། མེས་རྒྱལ་གྱི་ས་གཞི་ཆེན་པོ་དེ་བས་སྔོ་ལྗང་རབ་ཏུ་རྒྱས་ཤིང་སྐྱེ་སྟོབས་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས།
སྔ་དྲོའི་ཆུ་ཚོད10དང་སྐར་མ30ཙམ་ལ། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ལྷན་དུ་རླངས་འཁོར་ལ་བཞུགས་ནས་ཧྥུང་ཐའེ་ཆུས་ཡུང་ཏིང་གཙང་འགྲམ་དུ་ཕེབས་ཏེ་ལས་བྱེད་མང་ཚོགས་དང་ལྷན་དུ་འོས་འགན་ཤིང་འཛུགས་ལ་ཞུགས་པ་རེད།
ཤིང་འཛུགས་ས་ནི་ཡུང་ཏིང་གཙང་འགྲམ་གྱི་སྔོ་ལྗང་ལམ་བུའི་དཔེ་སྟོན་དུམ་བུར་གནས་ཤིང་། ས་ཁོངས་དེའི་ཆུ་རྒྱུད་སྣ་མང་ཅན་ཡིན་པ་དང་། སྤྱི་ལེ7ཟིན་པའི་ཆུ་འགྲམ་དུ་གནས་ཡོད་པས། སྐྱེ་ཁམས་གསོ་འཁྱོངས་དང་སྤྲོ་གསེང་ལུས་སྦྱོང་གི་ནུས་པ་གཅིག་ཏུ་བསྡུས་པའི་ཆུ་འགྲམ་ལྗང་མདོག་བར་ཁྱམས་སྐྲུན་བཞིན་ཡོད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས། ཤིང་འཛུགས་ལས་ལ་ཞུགས་བཞིན་པའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་པོས་སྤྱི་ཁྱབ་ཧྲུའུ་ཅིར་མཚམས་འདྲི་ཞུས། ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་གུས་ལན་གནང་བ་དང་སྦྲགས། སྦྱག་མ་བསྣམས་ནས་ཤིང་འཛུགས་སར་ཕེབས་ཏེ་པེ་ཅིང་གྲོང་ཁྱེར་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འགན་འཁུར་བློ་མཐུན་དང་དེ་བཞིན་ལས་བྱེད་པ་དང་། མང་ཚོགས། ལོ་ཆུང་གདོང་ལེན་རུ་མི་བཅས་དང་ལྷན་དུ་ངལ་རྩོལ་ལ་ཞུགས་པ་རེད།
ཞི་ཅིན་ཕིང་གིས་ས་དོང་འདྲུ་བ་དང་། ས་སྐྱོར་སྐོར་བ། ཆུ་རྒྱག་པ་སོགས་གནང་ནས་སྒྲོན་ཤིང་དང་། ཚོས་སེར་ཤིང་སྡོང་། ཅུ་ལི་ཤིང་། ཤིང་སྔོན། གཡའ་ཤིང་སོགས་ཀྱི་ཤིང་སོན་མང་པོ་བསྟུད་མར་བཏབ་གནང་བ་རེད། ཞི་ཅིན་ཕིང་གིས་ངལ་རྩོལ་གནང་གིན་ཕྲུ་གུ་ཚོར་སློབ་སྦྱོང་འཚོ་བ་དང་ངལ་རྩོལ་སྦྱོང་བརྡར་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་ཞིང་། ཁོང་གིས་མཛེས་སྡུག་ལྡན་པའི་འཚོ་བ་ནི་ངལ་རྩོལ་ལས་བྱུང་བ་ཞིག་ཡིན་པས། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་ངལ་རྩོལ་ལ་དགའ་ཞེན་དང་རང་བྱུང་ཁམས་ལ་དགའ་ཞེན་བྱེད་པ་དང་། ཤིང་འཛུགས་ནགས་བཟོ་སོགས་ཀྱི་སྤྱི་ཕན་བྱེད་སྒོར་ཧུར་ཐག་ཞུགས་པ། ངལ་རྩོལ་བྱེད་རིང་གཟུགས་པོར་སྦྱོང་བརྡར་དང་། བློ་སྟོབས་ལ་ཞུན་བརྡར། ཤེས་བྱ་འཕེལ་བ་བཅས་བྱས་ནས་ཀུན་སྤྱོད་དང་། ཤེས་རིག། ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་བྱེད་དགོས་པའི་ནན་གསུང་གནང་བ་རེད། ཤིང་འཛུགས་སར་ཚ་ཚ་འུར་འུར་གྱི་ངལ་རྩོལ་གྱི་རྣམ་པས་ཁེངས་པ་རེད།
ཤིང་འཛུགས་རིང་། ཞི་ཅིན་ཕིང་གིས་དེ་གར་ཡོད་པའི་ལས་བྱེད་པ་དང་མང་ཚོགས་དང་བྱམས་བརྩེའི་བཀའ་མོལ་གནང་ཞིང་། ཁོང་གིས་མིག་སྔར་རང་རྒྱལ་གྱི་ནགས་ཚལ་ཁེབས་ཚད་བརྒྱ་ཆ25ལྷག་ལ་ཟིན་ནས་གོ་ལ་ཧྲིལ་པོའི་གསར་སྣོན་སྔོ་འགྱུར་རྒྱ་ཁྱོན་ལ་ལེགས་སྐྱེས་བརྒྱ་ཆ25ཙམ་ཕུལ་ཡོད། རྒྱུན་མཐུད་འབད་བརྩོན་བྱས་པ་བརྒྱུད། ཐ་ཁེ་ལ་མ་ཀན་བྱེ་ཐང་དུ“ལྗང་མདོག་ཁྱམས་རིང”ཞིག་བསྐྲུན་པ་དང་། ཁོར་ཆིན་བྱེ་སར་རྩྭ་ཐང་གི་མཛེས་ལྗོངས་ཡང་བསྐྱར་མངོན་བཞིན་ཡོད། གྲུབ་འབྲས་འདི་དག་ནི་ལས་སླ་པོར་བྱུང་བ་ཞིག་མིན། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་དེ་མི་དམངས་མང་ཚོགས་ལ་ཆེས་ཐད་ཀར་དང་ཆེས་མངོན་སུམ་གྱི་མྱོང་ཚོར་བྱུང་ཡོད། དེ་དང་དུས་མཚུངས་སུ་རང་རྒྱལ་གྱི་ནགས་ལས་དང་རྩྭ་ཐང་ཐོན་ཁུངས་ཀྱི་བསྡོམས་འབོར་སྔར་བཞིན་མི་འདང་བ་དང་། སྤུས་ཚད་དང་ཕན་འབྲས་ད་དུང་ཆེན་པོ་མེད་པ་མཐོང་ཐུབ་དགོས། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་ལོ་རེ་ལས་ལོ་རེ་ཡག་པོ་སྒྲུབ་ཐུབ་པའི་བརྩོན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། མེས་རྒྱལ་སྔོ་ལྗང་ཅན་ལ་འགྱུར་བར་ངེས་པར་དུ་སྔོ་ལྗང་རྒྱ་སྐྱེད་དང་། སྔོ་ལྗང་དར་སྤེལ། སྔོ་ལྗང་སྲུང་སྐྱོང་བཅས་ཀྱི“སྔོ་ལྗང་གསུམ”དུས་གཅིག་ཏུ་མཐའ་འཁྱོངས་ཏེ་ནགས་ཚལ་ཆུ་མཛོད་དང་། དངུལ་མཛོད། འབྲུ་མཛོད། ཐཱན་མཛོད་བཅས་ཀྱི“མཛོད་བཞི”མཉམ་འགུལ་ལ་སྐུལ་འདེད་གཏོང་དགོས། “སྤུས་ཚད་མཐོར་གཏོང”ལ་དེ་བས་མཐོང་ཆེན་གྱིས་ནགས་དབྱེའི་གྲུབ་ཆ་ལེགས་སུ་གཏོང་བ་དང་ནགས་ཚལ་གཉེར་སྐྱོང་ཡག་པོ་བྱས་ཏེ། རྩྭ་ཐང་གི་སྐྱེ་ཁམས་སྤུས་ཚད་དུས་གཅིག་ཏུ་མཐོ་རུ་གཏོང་དགོས། “ལས་དར”ལ་དེ་བས་མཐོང་ཆེན་གྱིས་སྒྱུར་བཅོས་ཀྱི་བྱ་ཐབས་མང་ཙམ་སྤྱད་དེ་ནགས་ལས་དང་རྩྭ་ཐང་གི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ནས་ནགས་ལས་དང་རྩྭ་ཐང་གི་ཐོན་ལས་སྟོབས་ཆེར་གཏོང་དགོས། “དམངས་ཕན”ལ་དེ་བས་མཐོང་ཆེན་གྱིས་མང་ཚོགས་ལ་ཉེ་འགྲམ་གྱི་ལྗང་མདོག་དང་མིག་མདུན་གྱི་མཛེས་ལྗོངས་མང་དུ་བཏང་ནས། ནགས་ལས་དང་རྩྭ་ཐང་གི་ལས་ཞུགས་འབབ་འཕར་གྱི་བར་མཐོངས་རྒྱ་སྐྱེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། འོས་འགན་ཤིང་འཛུགས་ནི་དམངས་ཡོངས་ཀྱི་བྱ་སྤྱོད་ཅིག་ཡིན་པས་མི་རབས་ནས་མི་རབས་བར་རྒྱུན་མཐུད་ནས་སྒྲུབ་དགོས། འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཞུགས་པའི་བྱ་ཐབས་གསར་གཏོད་བྱེད་པ། ཞབས་ཞུའི་འདེགས་སྐྱོར་ལ་ཤུགས་རྒྱག་པ། བྱེད་སྒོ་འདི་ཏན་ཏིག་དང་ཡག་པོ་སྤེལ་བ་བཅས་བྱས་ནས་ནགས་བཟོ་སྔོ་འགྱུར་གྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་དོན་ཨུ་ཡོན་སོགས་ཤིང་འཛུགས་བྱེད་སྒོར་ཞུགས་ཡོད་པ་རེད།།
(བོད་ལྗོངས་ཉིན་རེའི་ཚགས་པར་ནས་དྲངས།)