国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བོད་ལྗོངས་རྩྭ་མདའི་བྲུ རོང་རྒྱལ་ཁབ་ས་གཤིས་སྤྱི་གླིང་།

བྲུ་རོང་ས་གཤིས་སྤྱི་གླིང་ནི་བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གི་ཁོངས་སུ་ཡོད་ཅིང་།རྒྱང་ནས་བལྟས་ན་ས་ལས་གྲུབ་པའི་ནགས་ཚལ་སྟུག་པོར་ཆགས་པ་དང་ཀུན་ནས་མཚུངས་ཤིང་། དེ་ནི་གནའ་བོའི་མཚོ་ཆེན་པོའི་མཚོ་གཞོང་དང་གཙང་པོ་ཆེན་པོའི་ཆུ་ལམ་ལ་ལོ་ཁྲི་སྟོང་གི་ས་གཤིས་འགུལ་སྐྱོད་བྱུང་བ་ལས་གྲུབ་པ་ཞིག་ཡིན་ལ། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་ཡིས2005ལོའི་ཟླ8པར་རྒྱལ་ཁབ་ས་གཤིས་སྤྱི་གླིང་ཁག་བཞི་པའི་ཁོངས་སུ་བཞག་ཡོད།

རྩྭ་མདའི་བྲུ་རོང་གི་ས་བབ་མཐོ་ཚད་སྨི3750ནས་སྨི4500བར་དུ་ཡིན་ཞིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ2464ཙམ་ཡོད་པ་རེད། ས་གནས་དེ་གའི་ཡུལ་སྐོར་སྡེ་ཁག་གིས་ངོ་སྤྲོད་བྱས་པར་གཞིགས་ན། གནའ་སྔ་མོའི་དུས་སུ་ས་ཁུལ་དེ་གནས་སའི་མཚོ་གཞོང་གི་སྙིགས་བསགས་བང་རིམ་ལ་ཧི་མ་ལ་ཡའི་རི་རྒྱུད་ཆགས་སྟངས་ཀྱི་ཤུགས་རྐྱེན་ཕོག་རྐྱེན། ཆུ་ཁ་དམའ་རུ་ཕྱིན་པ་དང་མཚོ་གཞོང་མཐོ་རུ་ཕྱིན་ཏེ། དུས་ཡུན་རིང་པོའི་རླུང་ཟད་ཐེབས་པ་དང་གནམ་གཤིས་དང་རྒྱུག་ཆུའི་བརྡར་ཟད་འོག་ངོ་མཚར་ཆེ་བའི་ས་དབྱིབས་རྣམ་པ་འདི་ཆགས་ཡོད་པ་རེད།

རྩྭ་མདའི་བྲུ་རོང་གི་ལྗོངས་ལྟ་སྟེགས་བུར་ལངས་ནས་ལྟ་ཚེ་མཛེས་ལྗོངས་ཧྲིལ་པོ་མཐོང་ཐུབ་སྟེ། དེ་དག་ནི་ས་ལས་གྲུབ་པའི་ནགས་ཚལ་སྟུག་པོ་ལྟར་རིམ་པ་རེ་རེ་བཞིན་གཅིག་ཐོག་གཅིག་བརྩེགས་ཀྱི་རྣམ་པར་ཆགས་ཤིང་བརྗིད་ཉམས་ལྡན་པ་དང་། ཞིབ་ཏུ་བལྟས་པ་ན་བྲུ་རོང་གི་ས་ནགས་རེ་རེར་ཐུན་མིན་གྱི་ཁྱད་ཆོས་རེ་མཐོང་སྟེ།ལ་ལ་ནི་ཁམ་དམར་དང་།ལ་ལ་ནི་སེར་པོ།ལ་ལ་ནི་གཡང་གཟར་དང་ལ་ལ་ནི་ཁོད་སྙོམས་པ། ལ་ལ་ནི་བཙན་རྫོང་དང་འདྲ་ལ།ལ་ལ་ནི་ཕོ་བྲང་གི་རྣམ་པ་སོགས་དུས་ཡུན་རིང་པོར་ཆུ་དང་རླུང་གིས་ཟད་པ་ལས་ད་ལྟའི་ངོ་མཚར་བའི་རང་བྱུང་ཁམས་ཆེན་པོའི་མཛེས་ཆོས་འདི་གྲུབ་པ་རེད།

ལྷུན་པོའི་བང་རིམ་ལྟར་ཆགས་པའི་བྲུ་རི་དང་བྲུ་ལུང་དུ་མཐོ་ལྡིང་དགོན་དང་མཆོད་རྟེན།གནའ་བོའི་ལྕགས་ཟམ།ས་གཤིས་དངོས་མང་བཤམས་སྟོན་ཁང་།གུ་གེ་རྒྱལ་པོའི་ཕོ་བྲང་།མདའ་འབབ་ཆོས་རྒྱལ་མཁར་རྫོང་།ཕྱི་དབང་སྦྲང་ཚང་མཁར་རྫོང་།དུང་དཀར་ཟ་སྒོ་ཕུག་གསུམ།བྱང་རྩེ་མཁར་དགོན།ཤངས་པ་དགའ་ལྡན་ལྷུན་པོ་སོགས་གནའ་ཤུལ་མང་པོ་ཡོད་པས་ཡུལ་སྐོར་བ་དང་ཆེད་རམས་པ་དག་གིས་ཡིད་སྨོན་འཆོར་ཡུལ་གྱི་གནས་ཤིག་ཡིན་ནོ།།

( ནོར་བུས་བྲིས་ཤིང་པར་བླངས།)