ཀ། སྲན་མ་རྨོད་འདེབས་བྱེད་ཚུལ།
ཡུལ་འདིའི་ཞིང་ལས་ཐོན་རྫས་ངོ་སྤྲོད་བྱེད་པའི་སྐབས་སུ་སྲན་མ་ནས་ཞོག་ཁོག་གསུམ་གྱི་སྤྱིའི་གནས་ཚུལ་རགས་ཙམ་བརྗོད་ཟིན་ལ། འདིར་དེ་གསུམ་པོ་མཐོ་སྒང་ཡུལ་དུ་ཇི་ལྟར་དེང་རབས་ཀྱི་སོ་ནམ་ལུགས་དང་མཐུན་པས་རྨོད་འདེབས་བྱེད་དགོས་པའི་ཚུལ་རྣམས་བྱེ་བྲག་ཕྱེ་སྟེ་དམིགས་བསལ་དུ་ཅུང་ཟད་ཞིབ་ཆར་བརྗོད་པ་ལ། སྲན་མ་རྨོད་འདེབས་བྱེད་ཚུལ་དང་། ནས་རྨོད་འདེབས་བྱེད་ཚུལ། ཞོག་ཁོག་རྨོད་འདེབས་བྱེད་ཚུལ། དེ་དག་གི་ཁུངས་བཙུན་པ་བསྟན་པས་མཇུག་བསྡུ་བའོ།།
དེ་ཡང་དཀར་མཛེས་ཡུལ་ལ་མཚོན་ན་སྔོན་ཆད་སྲན་མ་ནི་རྨོད་འདེབས་གཞི་རྒྱ་སོགས་ཅི་ས་གང་ཐད་ནས་ནས་ཀྱི་རྗེས་སུ་འབྲུ་རིགས་ཨང་གཉིས་པ་ལྟ་བུར་གྱུར་ཡོད། སྤྱིར་བཏང་གངས་ཅན་ཡུལ་གྱི་སྲན་མའི་ཐོན་ཁུངས་ཀྱི་རིགས་ནི་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བ་དམ་པོ་ཡོད་ཅིང་། མིག་སྔར་ས་ཆ་སོ་སོར་སྐྱེས་པའི་སྲན་མ་ལ་མེ་ཏོག་ཁ་དོག་གི་ཆ་ནས་མེ་ཏོག་དཀར་པོ་ཅན་དང་སྨུག་པོ་ཅན་གྱི་རིགས་ཆེན་པོ་གཉིས་དང་། སྲན་འབྲུའི་ཁ་དོག་ལྟར་བྱས་ན་དཀར་པོ་དང་། ནག་པོ། ནག་ཐིག་སྐྱ་ཁྲ་ཅན་བཅས་རགས་པའི་དབྱེ་བ་ཆེན་པོ་གསུམ། སྐྱེ་སའི་ཁོར་ཡུག་གི་ཆ་ནས་མེ་ཏོག་དཀར་པོ་ཅན་ནི་གཙོ་བོ་མཚོ་འཕགས་སྨི་སུམ་སྟོང་ལྔ་བརྒྱའི(༣༥༠༠m)མན་གྱི་རོང་ཁུལ་དུ་རྨོད་འདེབས་བྱེད་མང་ཞིང་། དེའི་སྨིན་དལ་བའི་རིགས་ལ་སྐྱེ་ཡུན་ཉི་མ་བརྒྱ་དང་ཉི་ཤུ་ནས་བརྒྱ་དང་བཞི་བཅུའི(༡༢༠—༡༤༠)བར་དགོས་ལ། ཡུ་བའི་རིང་ཚད་ལི་སྨི་བརྒྱ་དང་ལྔ་བཅུ་ནས་བརྒྱ་དང་བརྒྱད་ཅུ(༡༥༠—༡༨༠㎝)ཡི་བར་དང་། སྲན་རྡོག་བརྒྱ་ཡི་ལྗིད་ཚད་ཁེ་ཉི་ཤུ་ནས་ཉེར་ལྔ( ༢༠—༢༥g )བར་དུ་སླེབས་ཐུབ།
མེ་ཏོག་སྨུག་པོ་ཅན་ནི་མཚོ་དཔངས་སྨི་སུམ་སྟོང་ལྔ་བརྒྱ(༣༥༠༠m)ཡན་གྱི་རོང་ས་དང་མཚོ་འཕགས་སྨི་བཞི་སྟོང་ལྔ་བརྒྱ(༤༥༠༠m)མན་གྱི་ས་མཐོན་པོ་གནམ་གཤིས་གྲང་བའི་ཡུལ་དག་ན་རྨོད་འདེབས་བྱེད་པ་མང་ལ། དེའི་སྐྱེ་ཡུན་རིང་ཐུང་དང་ཡུ་བའི་རིང་ཚད་རྣམས་ནི་མཚོ་འཕགས་ཇེ་མཐོར་འགྲོ་བ་དང་བསྟུན་ནས་ཇེ་ཐུང་དུ་འགྱུར་ཞིང་། མཚོ་འཕགས་སྨི་བཞི་སྟོང་སུམ་བརྒྱ(༤༣༠༠m)ཡན་དུ་བརྒལ་བའི་འཁྱག་ས་ལ་ཆུ་བ་ལི་སྨི་སུམ་ཅུ་ནས་ལྔ་བཅུའི(༣༠—༥༠㎝)བར་ལས་རིང་མི་ཐུབ་བོ།། སྲན་མའི་རྩད་པའམ་བ་ཐག་གཙོ་བོ་ནི་ས་གདིང་ལ་ལི་སྨི་བརྒྱ་ནས་བརྒྱ་དང་ལྔ་བཅུ(༡༠༠—༡༥༠㎝)ཙམ་དུ་ཟིན་ཐུབ་ཅིང་དེའི་ངོས་སུ་རིང་ཞིང་ཕྲ་བའི་ཉིང་ལག་མང་པོ་རྒྱས་ཡོད་ལ་ཉིང་ལག་དེ་དག་ཞིང་སའི་རྨོ་བའི་རིམ་པ་སྟེ་ས་གདིང་ཟབ་ཚད་ལི་སྨི་ཉི་ཤུའི( ༢༠㎝)ཡན་མན་དུ་གནས་ཡོད་དོ།། སྲན་མའི་ཆུ་བ( ཡུ་བའམ་སྡོང་པོ )ནི་རྩྭའི་རིགས་སུ་གཏོགས་པ་ལ་ཁ་དོག་ལྗང་ཁུ་དང་། དབྱིབས་ཕྲ་ཞིང་རིང་པོ། ཁོག་སྟོང་པ་སྙི་ཞིང་ཆག་སླ་བ་ཞིག་སྟེ། སྨིན་མགྱོགས་པའི་རིགས་དང་ཡུ་བ་ཐུང་བའི་རིགས་ལ་ཚིགས་མཚམས་ཉུང་ཞིང་སྨིན་དལ་བའི་རིགས་དང་ཡུ་བ་རིང་བའི་རིགས་ལ་ཚིགས་མཚམས་མང་པོ་ཡོད། སྤྱིར་བཏང་ཡུ་བའི་རིང་ཐུང་ལ་ལི་སྨི་བཅོ་ལྔ་ནས་དགུ་བཅུའི(༡༥—༩༠㎝)བར་གྱི་ཡུ་ཐུང་དང་། ལི་སྨི་དགུ་བཅུ་ནས་བརྒྱ་དང་ལྔ་བཅུ(༩༠—༡༥༠㎝)བར་གྱི་ཡུ་འབྲིང་། ལི་སྨི་བརྒྱ་དང་ལྔ་བཅུའི་(༡༥༠㎝)ཡན་གྱི་ཡུ་རིང་བཅས་ཧ་ལམ་དབྱེ་བ་མི་འདྲ་བ་གསུམ་ཡོད་ཅིང་། ཡུ་བ་ཐུང་བ་ཕལ་ཆེར་སྨིན་མགྱོགས་པ་དང་འབྲིང་བའི་རིགས་ཡིན་ལ་ཡུ་བ་རིང་བ་ཕལ་ཆེར་སྨིན་འབྲིང་བ་དང་སྨིན་དལ་བའི་རིགས་ཡིན། ཡུ་བ་ཐུང་ན་ཡལ་ག་ཉུང་ཞིང་ཡུ་བ་རིང་ན་ཡལ་ག་མང་། ཡུ་བའི་སྐྱེ་སྟངས་ཀྱི་ཆ་ནས་གྱེན་དུ་འགྲེང་པ་དང་། འཕྲེད་དུ་གསེག་པ། ས་ལ་ཉལ་བ་བཅས་རྣམ་པ་མི་འདྲ་བ་གསུམ་དུ་དབྱེ་ཆོག་གོ ། ལོ་མའི་དབྱིབས་ཀྱི་ཆ་ནས་སྒོང་དབྱིབས་དང་། འཇོང་དབྱིབས། གཟེ་དབྱིབས་བཅས་གསུམ་ཡོད་ཅིང་། དེ་ལས་མང་ཆེ་ཤས་ནི་སྒོང་དབྱིབས་དང་འཇོང་དབྱིབས་ཀྱི་རྣམ་པ་ཡིན་ལ་གཟེ་དབྱིབས་ཀྱི་རྣམ་པ་ཅུང་མཐོང་དཀོན་ནོ།། མེ་ཏོག་གི་ཁ་དོག་ཐད་ནས་དཀར་པོ་དང་དམར་སྐྱ་དང་སྨུག་པོ་བཅས་མི་འདྲ་བ་གསུམ་དང་།སྲན་འབྲུའི་དབྱིབས་ཀྱི་ཐད་ནས་ངོས་ཟླུམ་པོ་དང་། ངོས་རྡིབ་པོ། ཟླུམ་ལེབ། གྲུ་བཞི། ངོས་གཉེར་མ་ཅན་སོགས་མི་འདྲ་བ་ཡོད་དོ།།
སྲན་མ་སྨིན་པའི་ཆ་རྐྱེན་ལ། དྲོད་ཚད་ཀྱི་ཆ་ནས། སྲན་མ་ནི་གྲང་ངར་ཅུང་ཟད་བཟོད་ཐུབ་ཅིང་ཚ་བ་མི་བཟོད་པ་ཞིག་སྟེ། ས་བོན་ལ་མཆུ་འབུར་རྐྱོང་( ས་འོག་ཏུ་མྱུ་གུ་འབུས་པ )པའི་དྲོད་ཚད་འཚམས་ཤོས་ནི་ཧྲེ་ཧྲུ་ཏུའུ་བཅོ་བརྒྱད་ནས་ཉི་ཤུ་ (༡༨℃— ༢༠℃) བར་དུ་ཡིན་ལ། ངོས་གཉེར་མ་ཅན་ལ་ཧྲེ་ཧྲུ་ཏུའུ་གསུམ་ནས་ལྔ(༣℃— ༥℃) ཡི་བར་དང་ངོས་ཟླུམ་མ་ལ་ཧྲེ་ཧྲུ་ཏུའུ་གཅིག་ནས་གཉིས(༡℃—༢℃)ཀྱི་བར་དུའང་མཆུ་འབུར་བརྐྱང་ཐུབ། འོན་ཀྱང་དྲོད་ཚད་དམའ་ན་མཆུ་འབུར་བརྐྱང་འཕྱི་པ་ཡིན་ནོ།། ཡུ་བ་སྐྱེ་བར་འཚམས་པའི་དྲོད་ཚད་ནི་ཧྲེ་ཧྲུ་ཏུའུ་དགུ་ནས་ཉེར་གསུམ་ ༩℃—༢༣℃ )གྱི་བར་དང་། ལྗང་མྱུག་གསར་པས་དྲོད་ཚད་ཐིག་ལེ་མན་གྱི་ཧྲེ་ཧྲུ་ཏུའུ་བཞི་ནས་ཐིག་ལེའི་མན་གྱི་ཧྲེ་ཧྲུ་ཏུའུ་ལྔ(-༤℃— - ༥℃)ཡི་བར་གྱི་གྲང་བའི་གནོད་ལྕོགས་ཀྱང་མེ་ཏོག་དང་སྲན་འབྲུ་མ་ཆགས་པའི་གང་བུ་གསར་པ་གཉིས་ཀྱིས་ནི་དེ་ལྟར་བཟོད་མི་ནུས་ཏེ་ཅུང་ཙམ་འཁེངས་པའི་མོད་ལ་སྐྱོན་འབྱུང་བ་ཡིན། སྲན་འབྲུ་ཆགས་པའི་གང་བུ་ལ་འཚམས་པའི་དྲོད་ཚད་ནི་ས་བོན་ལ་མཆུ་འབུར་རྐྱོང་བར་འཚམས་པའི་དྲོད་ཚད་དང་འདྲ་བཞིན་ཡོད། སྐྱེ་བའི་བརྒྱུད་རིམ་དུ་ཚ་བ་ཆེན་པོའི་གནོད་མི་ལྕོགས་ཏེ་ཧྲེ་ཧྲུ་ཏུའུ་ཉེར་ལྔ་(༢༥℃) ལས་བརྒལ་ན་སྲན་འབྲུ་ཇེ་ཉུང་དུ་འགྲོ་ལ་འབལ་རན་པའི་དུས་སུ་དྲོད་ཚད་མཐོར་སོང་ན་སྨིན་པ་མགྱོགས་ཀྱང་སྤུས་ཀ་དང་ཡོང་འབབ་གཉིས་ཀ་དམའ་རུ་འགྲོ་བ་ཡིན་ནོ།། ཉི་འོད་ཀྱི་ཆ་ནས་སྲན་མའི་རིགས་འགའ་ཞིག་ནི་ཉི་འོད་ཚ་པོ་ཡུན་རིང་ཕོག་ན་ཡལ་ག་མཐོ་ས་ནས་སྐྱེ་བ་དང་ཉི་འོད་ཚ་པོ་མ་ཡིན་པ་ཡུན་ཐུང་ངུ་མ་གཏོགས་མ་ཕོག་པས་ཡལ་ག་དམའ་ས་ནས་རྒྱས་པར་འགྱུར་པའི་ཁྱད་པར་ཡོད་དོ།། ཆུ་ཡི་ཆ་ནས་སྲན་མའི་རྩད་པའི་མ་ལག་ནི་ཕྲ་ཞིང་གཏིང་ཐུང་བ་ཡིན་པས་ཐན་པ་ཅུང་ཟད་བཟོད་ནུས་ཀྱང་བརླན་ཞོད་ལ་འཇིགས་པ་སྟེ། ས་བོན་བཏབ་རྗེས་ཆར་ཞོད་ཆེ་ཞིང་དྲོད་ཚད་དམའ་ན་སོན་ལ་སྐྱོན་ཕོག་སླ་ལ་སྐྱེ་བའི་བརྒྱུད་རིམ་དུ་ཆུ་མང་ན་རྩ་བ་རུལ་བདེ། མེ་ཏོག་འཆར་བ་དང་གང་བུ་ཐོགས་བཞིན་པའི་སྒང་ལ་ཆུ་ཡི་དགོས་མཁོ་དེ་ལས་ཆེ་རུ་མེད་པའི་དུས་ཡིན་པས་ཞིང་ས་དང་མཁའ་རླུང་སྐེམ་དྲགས་ན་སྲན་འབྲུ་རྒྱགས་པར་མི་སྨིན་པ་དང་གང་བུ་སྟོང་པར་ཆགས་པ་སོགས་ཀྱི་སྐྱོན་འབྱུང་ངོ་།། ཞིང་སའི་ཆ་ནས་སའི་རྒྱུ་སྤུས་ལ་ཆ་རྐྱེན་མཐོན་པོ་མི་དགོས་ཤིང་སྐྱུར་གྱི་ཚད་མང་དྲགས་མི་རུང་ལ། སྐྱུར་འདུས་ཚད་འབྲིང་ཙམ་དང་བུལ་ཉུང་ངུ་འདུས་པའི་ཞིང་ས་ནི་སྲན་མ་སྐྱེ་པ་ལ་ཤིན་ཏུ་འཚམས་པ་ཡིན་ནོ།།
སོ་ནམ་བྱེད་སྟངས་ཀྱི་ཐད་ནས་བརྗོད་ན། སྲན་མའི་ས་བོན་འདེབས་སྟངས་ལ་མིག་སྔར་སྲན་མ་རྐྱང་པ་གདབ་པ་དང་། མཉམ་བཏབ་བྱེད་པ། བརྗེ་རེས་བྱས་ནས་གདབ་པ། ཐེངས་གཉིས་བཏབ་པ་བཅས་རྣམ་པ་མི་འདྲ་བ་བཞི་ཡོད། དེ་ལས་དང་པོ་སྲན་མ་རྐྱང་པ་བཏབ་པ་ནི། ལོ་ཏོག་ས་བོན་བཏབ་པ་ནས་འབྲས་བུ་བསྡུས་པའི་བར་གྱི་འདེབས་ཐེངས་གཅིག་ལ་སྲན་མ་ཁོ་ན་གདབ་པ་ལ་ཟེར། བོད་ཡུལ་གྱི་སྲན་མ་ཕལ་ཆེར་ཡུ་བ་ཅུང་རིང་པོ་སྟེ། རོང་སའི་འོང་ཁར་ཡུ་བའི་རིང་ཚད་ལི་སྨི་ལྔ་བཅུ་ནས་བརྒྱད་ཅུ་ཡན་ལ་ཟིན་ཞིང་ལ་ལའི་རིང་ཚད་ལི་སྨི་བརྒྱར་སླེབས་པའང་ཡོད། དེའི་དབང་གིས་ཆར་ཆུ་འབེལ་བའི་དུས་སུ་ཡུ་ལོ་རུལ་བའི་སྐབས་མང་པ་དང་། ནད་དང་འབུའི་གནོད་པ་ཅུང་ཚབས་ཆེ་བ། ཡོང་འབབ་ལ་ངན་པའི་ཤུགས་རྐྱེན་ཅུང་ཆེན་པོ་ཐེབས་པ་སོགས་ཀྱི་གནས་ཚུལ་འབྱུང་བཞིན་ཡོད། དེར་བརྟེན་སྲན་ཡུ་ས་ལ་འགྱེལ་དཀའ་བའི་རིགས་གདབ་པ་དང་། སྲབ་སྟུག་ཚད་རན་པོར་བྱེད་པ། ཕྱི་མའི་ཞིང་ཁ་བདག་གཉེར་ལ་ཤུགས་རྒྱག་པ་སོགས་ནི་སྲན་མ་ལོ་ལེགས་ཡོང་བའི་བྱེད་ཐབས་གལ་ཆེན་པོ་ཡིན། བོད་ལྗོངས་ས་ཆ་དག་ན་འདི་ལྟར་བཏབ་པ་ལ་སོ་ནམ་ལུགས་དང་མཐུན་པ་བྱས་ན་སྤྱིའི་ཆ་ནས་ཞིང་མུའུ་གང་རེར་སྲན་མ་སྟོང་ཁེ་བརྒྱ་དང་ཉི་ཤུ་རྩ་དྲུག་ལྷག་ནས་བརྒྱ་དང་བརྒྱད་ཅུ(༡༢༦—༡༨༠㎏)བར་ཐོན་པ་དང་། ཆར་ཆུ་འབེལ་ས་དང་ཞིང་ས་གཤིན་ཤུགས་ཆེ་པ་དག་ན་བོངས་མཐུག་དྲགས་པ་དང་སྲན་ཡུ་ས་ལ་ཉལ་བ་སོགས་ཀྱིས་ཡུ་རུལ་ཞིང་འབྲས་བུ་ཉུང་བའི་གནས་ཚུལ་འབྱུང་སླ་བར་བརྗོད་ཡོད། ཡུལ་འདིའི་ཞིང་པ་ཚོས་ལོ་ལྟར་བེད་སྤྱོད་བཞིན་ཡོད་པའི་འདེབས་སྟངས་ཀྱང་འདི་ཡིན་ནོ།། གཉིས་པ་མཉམ་བཏབ་བྱེད་པ་ནི་དུས་གཅིག་ཏུ་འབྲུ་རིགས་གཞན་དང་མཉམ་དུ་བསྲེས་ནས་གདབ་པ་སྟེ། མིའི་ཉམས་མྱོང་ལ་སྲན་མ་དང་ནས། སྲན་མ་དང་གྲོ། སྲན་མ་དང་པད་ཁ་ལྟ་བུ་སྲན་མ་འབྲུ་རིགས་གཞན་གཅིག་དང་མཉམ་དུ་བཏབ་པ་དང་། ནས་དང་སྲན་མ་པད་ཁ། གྲོ་དང་སྲན་མ་པད་ཁ་ལྟ་བུ་འབྲུ་རིགས་མི་འདྲ་བ་གསུམ་མཉམ་གཅིག་ཏུ་བཏབ་པ་སོགས་ཡོད། དེ་ལྟར་བཏབ་པ་ལ་སྲན་ཡུ་རིང་པོ་ས་ལ་མི་ཉལ་བ་དང་། ཞིང་གི་སྐྱེ་ཁམས་མ་ལག་ལེགས་བཅོས་སུ་འགྲོ་བ། ལོ་ཏོག་བོངས་མཐུག་པོར་སྐྱེས་ཏེ་རྩྭ་ལྡུམ་ཉུང་དུ་ཕྱིན་པ་སོགས་ཀྱི་དགེ་མཚན་ལྡན་ཡོད་དོ།། གསུམ་པ་བརྗེ་རེས་བྱས་ནས་བཏབ་པ་ནི། འབྲུ་རིགས་མི་འདྲ་བ་འགའ་ཞིག་ལོ་སྔ་ཕྱི་ལྟར་འདེབས་རེས་བྱེད་པ་སྟེ། སྲན་མ་ནི་ཞིང་ས་གཅིག་ཏུ་ལོ་གཉིས་ཡན་མུ་མཐུད་དེ་བཏབ་ན་འབུའི་གནོད་པ་ཇེ་མང་དང་། ཡོང་འབབ་ཇེ་ཉུང་། སྤུས་ཀ་ཇེ་སྡུག་སོགས་སུ་འགྲོ་བ་ཞིག་ཡིན། དེ་ནི་སྲན་མའི་རྩད་པ་ལས་སྐྱེ་ལྡན་གྱི་སྐྱུར་མང་པོ་འབྱུང་ཞིང་དེས་ས་སྣག་གི་སྐྱུར་འདུས་ཚད་ཇེ་མང་དུ་སོང་ལ་དེས་ལོ་ཕྱི་མའི་ལོ་ཏོག་གི་རྩད་པ་རྒྱས་པ་ལ་གནོད་པ་བྱེད་པ་དང་། ད་དུང་རྩད་པ་ལས་དུག་འདྲེས་པའི་རྫས་བབས་ཏེ་དེས་ས་བོན་ལ་ཞིང་སར་ཡོད་པའི་ནད་དང་འབུ་སྲིན་གྱི་གནོད་པ་འགོ་བདེ་བར་འགྱུར་པ་དང་ཡང་ཧ་ལམ་འབྲེལ་བ་ཡོད་པ་ཞིག། དེར་བརྟེན་ཐབས་བཟང་ཤོས་ནི་སྲན་མ་བཏབ་པའི་ཞིང་ལ་ལོ་བཞི་ལྔ་ལ་ལོ་ཏོག་གཞན་པ་བཏབ་རེས་བྱས་རྗེས་ད་གཟོད་གཞི་ནས་སྲན་མ་སླར་ཡང་གདབ་དགོས་ལ། ཁྱད་པར་དུ་མེ་ཏོག་དཀར་པོ་ཅན་ནི་མེ་ཏོག་སྨུག་པོ་ཅན་ལས་ཀྱང་མུ་མཐུད་དེ་གདབ་མི་རུང་བ་སྟེ་སྔ་ཕྱིའི་བར་དུ་ལོ་ཏོག་གཞན་གྱིས་མཚམས་ལོ་མང་པོར་དབྱེ་དགོས། སྲན་མ་དང་བརྗེ་རེས་བྱས་ནས་བཏབ་པའི་ལོ་ཏོག་ལ་ནས་དང་གྲོ་ལྟ་བུ་སྙེ་མ་ཅན་གྱི་རིགས་རྣམས་ཤིན་ཏུ་འཚམས་པ་ཡིན། སྲན་མ་ལོ་ཏོག་གཞན་དང་བརྗེ་རེས་བྱས་ནས་བཏབ་ན་ཕན་ཐོགས་མང་པོ་ཡོད་དེ། དཔེར་ན། ལོ་ཏོག་གཅིག་ལོ་མཐུད་ནས་བཏབ་པའི་དབང་གིས་འབུའི་གནོད་པ་དང་རྩད་པའི་ནད་ཇེ་མང་དུ་འགྲོ་བ་སོགས་ཀྱི་སྐྱོན་ཆ་རྣམས་ལེགས་པར་བསལ་ཐུབ་པ་ལྟ་བུ་དང་། སྲན་མའི་རྩད་པར་གྲུབ་པའི་ཕྲ་སྲིན་གྱིས་ཏན་ཞེས་པའི་རྫས་འགྱུར་ལུད་བཟོ་སྐྲུན་བྱས་ཏེ་ཞིང་གི་གཤིན་ཤུགས་སམ་ས་རྒྱུ་གཤིན་ཚད་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་ཞིང་། དེས་ཕྱོགས་གཅིག་ནས་ཕྱི་མར་བཏབ་པའི་འབྲུ་རིགས་གཞན་པ་ལ་ཕན་
འ
ཐོགས་ཆེན་པོ་འབྱུང་བ་དང་། ཕྱོགས་གཞན་ཞིག་ནས་ཞིང་པ་ཚོས་ཏན་ལུད་བསྲིས་ཏེ་སྲན་རིགས་མ་ཡིན་པའི་ལོ་ཏོག་ལ་བེད་སྤྱོད་ཆོག་པས་འགྲོ་སོང་མར་གཅག་ཐུབ་པ་ལྟ་བུ་དང་། ཞིང་ནང་དུ་ལུས་པའི་སྲན་མའི་སོག་ལྡུམ་གྱི་ལུད་ཤེད་ཀྱང་གྲོའི་རིགས་དང་ཞོག་ཁོག་རིགས་ཀྱི་ལོ་ཏོག་གི་སོག་ལས་ཆེ་བས་ཞིང་ལ་ཕན་པ་ལྟ་བུ་དང་། སྲན་མ་རང་ཉིད་ཀྱི་སྐྱེད་སྲིང་ལའང་ཕན་ཐོགས་ཆེན་པོ་འབྱུང་བ་ལྟ་བུ་སོགས། གལ་ཏེ་ལོ་སྔ་མར་སྲན་མ་བཏབ་ཟིན་པའི་ཞིང་ལ་ལོ་ཕྱི་མར་ཡང་བསྐྱར་སྲན་མ་གདབ་དགོས་བྱུང་ན་ཁྱིམ་དུ་བསོགས་པའི་ལུད་བཀྲམ་ཚད་ཇེ་མང་དུ་བཏང་བའི་ཐོག་རྫས་སྦྱོར་གྱི་ལུད་ལིན་དང་ཅ་ཡི་བཀྲམ་ཚད་ཀྱང་རྒྱུན་དུས་ལས་མང་དགོས། དེས་ཞིང་ལ་སོག་ཡུ་བསྐྱར་ཟློས་བྱས་པའི་གནོད་པ་རྣམས་ཇེ་ཉུང་དུ་གཏང་བ་ལ་ཕན་ནོ། ། བཞི་པ་ཐེངས་གཉིས་བཏབ་པ་ནི། མཚོ་འཕགས་སྨི་སུམ་སྟོང་དྲུག་བརྒྱའི་མན་གྱི་དྲོད་ཆེ་བའི་ཡུལ་དུ་སྔ་མར་བཏབ་པའི་ལོ་ཏོག་གཙོ་བོ་ལེན་ཚར་རྗེས་དང་དགུན་མ་སླེབས་པའི་བར་ལ་ད་རུང་སྨིན་མགྱོགས་པའི་ལོ་ཏོག་ཅིག་བཏབ་ལོང་ཡོད་པའི་ཡུལ་དག་ན་སླར་ཡང་སྨིན་སླ་བའི་རིགས་ཀྱི་སྲན་མ་ཐེངས་གཅིག་བཏབ་པ་ལ་ཟེར་རོ།། སྲན་ཞིང་རྨོད་སྟངས་ལ། སྲན་མ་ནི་བ་ཐག་སྲན་རིགས་གཞན་པའི་ལོ་ཏོག་ལས་སྙི་ཞིང་མ་ལག་གི་ཚོགས་ཉུང་བ་ཡིན་པས། ས་གཏིང་ཟབ་མོ་དང་། ས་རྒྱུ་སོབ་སོབ། རླན་ངར་ཡོད་པ། ཆུ་དང་ལུད་སྲུང་ཐུབ་པའི་ཞིང་ས་ན་ད་གཟོད་རྩད་པ་གཏིང་ཟབ་པོར་རྒྱས་པ་དང་སྐྱེ་སྟོབས་བཟང་པོ་ཡོང་ཐུབ་པ་ཡིན། གལ་ཏེ་ཞིང་ས་ཚགས་དམ་ཆེར་སོང་ན་སའི་གསེང་དུ་མཁའ་རླུང་མི་འདང་བས་ཏན་རྫས་གསར་གཏོད་བྱེད་མཁན་གྱི་རྩད་མཛེར་ཕྲ་སྲིན་ནམ་རྩ་རྡོག་འབུ་ཕྲའི་གསོན་ཤུགས་ཉམས་ཤིང་རྩ་རྡོག་གམ་རྩད་མཛེར་འཚར་ལོངས་ཡག་པོ་བྱེད་མི་ཐུབ་པར་འགྱུར། དེས་ཏན་ལུད་གཞན་ལ་སྟེར་པ་ལྟ་ཅི་རང་ལའང་མི་འདང་བར་བསྒྱུར་སྲིད། དེ་བས་སྲན་ཞིང་རྨོ་བའི་ལས་འགན་གཙོ་བོ་ནི་ཞིང་སའི་ཆགས་ཚུལ་སྲན་མའི་རྩད་པའི་མ་ལག་དང་རྩ་རྡོག་རྒྱས་པ་ལ་ཤིན་ཏུ་འཚམས་པའི་སའི་ཁོར་ཡུག་བཟང་པོ་བསྐྲུན་པ་དེ་ཡིན། རྨོད་པའི་དུས་སུ་ས་བོན་མ་གདབ་གོང་གི་རྨོན་ལ་ས་གདིང་འོས་འཚམས་ཀྱིས་ཟབ་པོར་རྨོས་པ་དང་ལུད་ཞིབ་མོར་བཀྲམ་པ། ས་སྣག་སོབ་སོབ་ཏུ་བསྒྱུར་བ་བཅས་བྱས་ན་སྲན་མའི་རྩད་པ་ཡག་པོ་རྒྱས་པར་འགྱུར་ལ། དེས་ལྗང་བུ་གྲལ་མཉམ་པོ་དང་སྟོབས་ཆེན་པོ་འབུས་པ་ལ་ཕན་ཐོགས་ཆེན་པོ་ཡོད། སྲན་མ་དཔྱིད་འདེབས་བྱེད་ས་ལ་ལོ་ཏོག་སྔ་མ་སྟོན་ཐོག་ལེན་པ་དང་ཞིང་ནང་གི་རྩྭ་ལྡུམ་དང་སུག་ཡུ་རྣམས་གཙང་མ་བྱས། དེ་ནས་ས་གདིང་ཟབ་མོར་རྨོ་དགོས། སྤྱིར་བཏང་སྟོན་རྨོས་བྱེད་པ་དང་། སྟོན་རྨོས་རྗེས་སུ་ཤལ་བས་བཤལ་བ། ས་བོན་འདེབས་དུས་སུ་ཞིང་ས་སློག་པ། ས་བོན་བཏབ་རྗེས་ཤལ་བས་བཤལ་བ་ཚང་མ་ཞིང་ས་རྨོན་ལས་ཀྱི་ལས་ཀ་ཡིན། ལོ་སྔ་མའི་ལོ་ཏོག་ལེན་མ་ཐག་ཏུ་སྟོན་རྨོས་གཏིང་ཟབ་པོ་བྱས་ཏེ་ས་སྣག་གཤིན་པོར་བསྒྱུར་བ་དང་ཞིང་ལ་སྟོན་གྱི་ཆར་ཞོད་སྡུད་དུ་བཅུག་ན་སྟོན་ཞོད་ཡོལ་རྗེས་ཤལ་བས་བཤལ་ཏེ་རླན་བཞའ་སྲུང་སྐྱོང་བྱེད་དགོས་ཤིང་། ཆ་རྐྱེན་ཡོད་ན་ད་དུང་དགུན་ཆུ་ཡང་བཅུས་འོས། དེ་ནས་ལོ་ཕྱི་མའི་དཔྱིད་ཀར་ཞིང་སའི་ཕྱི་ངོས་འཁེངས་ཞུ་བ་དང་རྨོ་བཤལ་བྱེད་དགོས། ཆ་རྐྱེན་འཛོམས་བྱུང་ན་ཞིང་ས་མི་རྨོད་དེ་ས་བོན་འདེབས་ཚུལ་སྤྱད་ན་ས་སྣག་གི་རླན་བཞའ་རླངས་འགྱུར་ཤོར་ཚད་ཉུང་དུ་འགྲོ་བར་མ་ཟད། ས་བོན་འདེབས་པའི་དུས་ཚོད་ཇེ་སྔར་གཏང་ཆོག་པས་དེ་ནི་དར་སྤེལ་གཏང་འོས་པ་ཞིག་གོ། ( མུ་འགོད།)