ད་ལོའི་དཔྱིད་རླུང་།
ཡོང་འཕྱི་བར་འདྲ་སྟེ།
ཁུར་པོ་ལྕི་མོ་འཁུར་བའི་
བགྲེས་མོ་ཞིག་དང་གཉིས་སུ་མེད།
ཕ་ཡུལ་གྱི་རི་སྒང་ཞིག་ཏུ་
ལག་ཟུང་ཇི་ལྟར་གཟེད་ཀྱང་།
སྐྱ་ཐེར་ཐེར་གྱི་ངོ་གདོང་ཞིག་ལས།
ཅི་ཡང་དྲན་མ་ཕོད།
ལན་རེར།
རྣ་བར་གཟན་པའི་ཆོ་ངེ་སྣ་ཚོགས།
རི་ཆུ་དང་ས་གཞིའི་ཟེ་བར་ལྷུངས་ཏེ།
ང་ཡི་ཉེ་སར་བཅར་ཡོང་།
ཅི་ཡིན་ནམ།
དགུན་ཁས་ང་ཚོ་བསྐྱུར་ཏེ་རྒྱང་དུ་བྱེར།
རྨས་ཕོག་པའི་དཔྱིད་རླུང་ཁོ་ན།
དུས་ཚོད་ཀྱིས་ཧྲིག་ཧྲིག་བཏང་།
ཀྱེ།ཁེར་རྐྱང་གི་ཁྲོད།
རང་ཉིད་ཀྱི་གདོང་པའི་ཕྱི་ནང་བརླན་ཏེ།
དཔྱིད་རླུང་ལ་འབྲེལ་གཏུགས་ཡང་ཡང་བྱས་མོད།
ད་ལོའི་དཔྱིད་རླུང་མཉེན་མོས།
ལྭ་བའི་འདབས་སྣེ་ཙམ་ཡང་བསྒུལ་མ་ཐུབ།
༼ ཞོ་ར་བསམ་འགྲུབ་རྒྱལ། ༽