དགུན་གསུམ་ཙག་གིས་བསྡམས་པའི་སྐྱེད་ཚལ་གྱི་མེ་ཏོག།
ལང་ཚོ་གསར་པ་སྨིན་པའི་སྙིང་སྟོབས་ཀྱི་གོམ་ཆེན།།
ཡང་བསྐྱར་སྲིད་པའི་ནགས་ཀློང་སྟུག་པོ་དེར་བཞག་པས།།
དགུན་གྱི་གྲང་ངར་ཟིན་པའི་འཇོལ་མོ་དེ་འཛུམ་བྱུང་།།
སད་དང་སེར་བས་གནོད་ལ་དཔའ་ངར་དེ་མ་ཞུམ།།
དྲག་རླུང་ངར་མས་འཚེ་བར་འདབ་མ་ཡང་མ་འཐོར།།
སྟོན་འབྲས་མངར་བཅུད་འཛོམས་ལ་རེ་བ་ཞིག་བཞག་པས།།
སྤྲིན་པའི་བཞིན་ཤ་འཇམ་པོ་ཁྱོད་རང་ལ་བསླན་འདུག།
དཔྱིད་འགོའི་ཆར་ཆུའི་འཇའ་ཚོན་ཁྱོད་རང་ལ་བབས་སོང་།།
ཁུ་བྱུག་གསུང་སྐད་དྭངས་མ་ཁྱོད་རང་གིས་ཐོས་པས།།
མེ་ཏོག་འདབ་མ་མཛེས་པ་དེའི་དོན་གྱིས་ཡིན་འདུག།
སྦྲང་རྩིའི་རོ་མངར་འཛོམས་ལ་དེ་གཞན་ལས་ཅི་ཡོད།།
ཉི་ཟླའི་བསིལ་དྲོད་བསྣམས་པའི་དཔྱིད་འགོ་ཡི་མེ་ཏོག།
འབྱུང་བཞིའི་བཅུད་ཀྱིས་གསོས་པའི་མེ་ཏོག་གི་འདབ་མ།།
རེ་རེར་ཚེ་སྲོག་གསར་པའི་ལོངས་སྤྱོད་དུ་འཛོམས་པ།།
བྱེད་པོས་མ་བསྐྲུན་ཆོས་ཀྱི་རང་གཤིས་འདི་མཛེས་འདུག།
རྩྭ་ལྗང་ཟིལ་བའི་དོ་ཤལ་རྒྱན་མཆོག་ཏུ་སྤྲས་པའི།།
དར་དིར་གླུ་དབྱངས་བླངས་པའི་སྐྱེད་ཚལ་གྱི་མེ་ཏོག།
ལང་ཚོའི་ཆུ་ཕྲན་རྩེ་བའི་འཁྲིལ་བག་གི་མཛེས་སྡུག།
དཔྱིད་འགོའི་གཟི་མདངས་གསར་པའི་བསུ་མ་དེ་ཡིན་སྐད།།
དྭངས་བསིལ་ཟིམ་བུར་འབབ་པའི་དཔྱིད་འགོ་ཡི་ཆར་པ།།
ས་འཛིན་བུ་མོ་གཞོན་ནུའི་གདོང་བ་ལ་བསླན་ན།།
དགོད་འཛུམ་མེ་ཏོག་འདབ་མ་ལྷུག་པོ་ཞིག་རྒྱས་ཏེ།།
ལང་ཚོའི་གཟི་དཔལ་འཛོམས་པའི་སྐྱེད་ཚལ་ཞིག་བསྐྲུན་ཡོང་།།
འདབ་བརྒྱའི་དྲི་ཞིམ་འཐུལ་བའི་དབྱར་གཞུང་གི་སྤང་ན།།
ཆར་པས་སེམས་རྩ་བརླན་པའི་མེ་ཏོག་གི་འཁྲི་ཤིང་།།
དཔྱིད་འགོའི་ལྗང་སྨྱུག་གསོ་བའི་བསིལ་དྲོད་དེ་ཡིན་ནམ།།
དགུན་གྱི་གྲང་ངར་དཀྲོག་པའི་སྙན་ཚིག་དེ་ཡིན་འགྲོ།།
༼ བདེན་མྱིག། ༽