ཁ་བ་ནི་མ་གཞི་དཀར་པོ་ཞིག་ཡིན།
དཀར་པོ་ནི་རྩ་བའི་ཁ་དོག་ལས་གཅིག་ཡིན།
དཀར་པོ་ནི་རྟེན་འབྲེལ་གྱི་འགོ་མ་ཡིན།
དཀར་པོ་ནི་སྲིད་པ་ཆགས་དུས་ནས་
གངས་ཀྱི་ཁ་དོག་ཏུ་གྲུབ།
དཀར་པོ་ནི་ཕན་ཚུན་གྱི་གུས་བཀུར་དང་
རྣམ་དག་གི་སེམས་པ་མཚོན་བྱེད་ཡིན།
མི་འགའ་ཤས་ཁ་བ་ལ་སུན་སྣང་སྐྱེ་སྲིད།
ངས་རང་ཉིད་ཁ་བ་ཞིག་ཏུ་བཟོས་ཀྱང་དུས་
རབས་ཀྱི་ཉི་མས་ཞུ་བཞིན་འདུག།
ཁ་བ་ནི་མཐོ་ས་ནས་དམའ་སར་ལྷུང་།
གྲལ་དག་དང་དྭངས་གཙང་གིས་མར་
ལྷུང་གིན་འདུག།
ཁ་བས་ང་ཚོ་ལ་སྐད་ཆ་ཅི་ཡང་སྨྲ་མི་སྲིད།
ཡིན་ནའང་། ཁ་བས་སྔར་བཞིན་རང་
ཉིད་ཀྱི་བྱ་བར་བརྩོན།
ཁ་བ་ནི་ཇི་འདྲའི་བློ་ཁོག་ཡངས་པ་ཞིག་རེད།
ངས་ཁ་བ་ལ་ལད་མོ་ཇི་ལྟར་བྱས་ཀྱང་།
ཁ་བ་བཞིན་ཡོང་བར་དཀའ་ལས་ཁག་
པོ་འདུག།
ཁ་བས་རང་ཉིད་ཀྱི་ཁ་དོག་དཀར་པོའི་
སྟེང་དུ།
གཡོ་སྒྱུ་དང་བསླུ་བྲིད་ཀྱི་འབགས་
བཙོག་བྱུག་མི་སྲིད།
ཁ་བས་རྩྭ་ཐང་ལ་བསྲིངས་པའི་བརྩེ་དུང་ནི།
ཕ་མ་དང་བུ་ཕྲུག་བཞིན་རྣམ་དག་ཅིག་རེད།
ཁ་བས་མེ་ཏོག་གི་ལང་ཚོ་དང་རང་བྱུང་གི་
ཁོར་ཡུག་ལ།
སྔར་ལས་ལྷག་པའི་གསོན་ཤུགས་དང་བརྩེ་
དུང་སྦྱིན།
ཁ་བ་དང་རྩྭ་ཐང་གི་འབྲེལ་བ་ནི་གཡུང་
དྲུང་གི་རི་མོ་ལས་གྲུབ།
ཁ་བས་དུས་རབས་ཀྱི་ཁ་དོག་དང་
རྒྱབ་འགལ་བྱེད་ཀྱིན་འདུག།
དུས་རབས་ཀྱི་ཁ་དོག་ནི་མདོག་འགྱུར་
སླ་བའི་མིག་ཤེལ་ཞིག་རེད།
མིག་ཤེལ་དེ་ལས་མཐོང་བའི་འཇིག་རྟེན་
ནི་ཚོས་གཞི་སྣ་ཚོགས་འདྲེས་པའི་རི་མོ་
ཞིག་དང་འདྲ།
ད་ལྟ་མི་ཚང་མ་མདོག་འགྱུར་ཤེལ་མིག་གྱོན་
པར་གོམས་བཞིན་འདུག།
༼ དུ་སྤྲིན། ༽