ཆར་བ་བབས་པ་དང་ཆབས་ཅིག་ཏུ་འབྲུག་སྒྲ་ཡང་གློ་བུར་དུ་གྲག་ཡོང་། དཔྱིད་ཟླ་ར་བའི་ནང་ལ་གནས་འདིར་གང་ཡིན་སར་ཙག་རླུང་གིས་བདས་པའི་གངས་ཆར་དེའང་འཇག་ཐབས་བྲལ། ས་གཞི་ཧྲིལ་པོ་དུད་སྨུག་གི་གང་བ་དང་མཚུངས་པའི་ང་ནི་དེའི་ཁྲོད་ཀྱི་ཅི་ཡང་མི་ཚོར་བའི་སྨྱོན་པ་བཟི་བོ་ཞིག་དང་འདྲ། ཟླ་བ་རེ་རེར་ལ་སེམས་ནང་ཆགས་པའི་སྡུག་ཡུས་དང་སྐྱོ་གདུང་དེ་དག་སུ་ལའང་བཤད་ས་མི་འདུག་པས་ལོ་ཟླ་གང་མང་འདི་ལྟར་ཕར་བསྐྱལ་དགོས་པ་དངོས་གནས་ངོ་གནོང་པ་ཞིག་མ་ཡིན་ནམ། ཕར་འགྲོ་ཚུར་ཡོང་གི་མགྲོན་པོ་ཁ་ཤས་ཀྱང་ལམ་འགྲམ་ནས་ཐོ་ཡོར་བཞིན་འགྲེངས་ཏེ་བསམ་གཞིག་བྱེད་ཀྱིན་འདུག་མོད། དཔྱིད་ཟླ་ཐ་ཆུང་ནི་དབྱར་གྱི་འགོ་མ་བགྲང་ཆོག་པ་ཡིན་ན་མི་ཚེ་ཡང་གསར་པ་ཞིག་གི་འགོ་རྩོམ་པ་ཡིན་ན་ཅིས་མི་ཆོག་གམ།
བསིལ་ཟེར་འཇམ་ཤ་ལྡན་པ་རེ་ནངས་མོ་ཞོགས་པར་ཁ་ངོ་ལ་གཡུག་ཐེངས་རེས་ངའི་དྲན་པའི་ཡིད་ངོར་དུས་ཚིགས་འདི་ནམ་ཡང་བརྗེད་ཐབས་མེད། སྐབས་རེར་ཡི་མུག་པའི་སྡུག་བསྔལ་རེའང་ཞེ་ཡི་གཏིང་ལ་འཁྱིལ་ཏེ་གསོལ་འདེབས་དང་སྐྱབས་མཆི་ཞུ་བའི་ཀློང་ནས་ད་དུང་ཁྱོད་རང་ལྷག་ཏུ་དྲན། ཁ་བཤད་ལག་ཐུག་འཚོ་བ་འདི་དོ་མི་མཉམ་པས་ཁྱོད་ལ་དགོངས་འགལ་གྲངས་མེད་ཅིག་བཟོས་སོང་སྙམ་པའི་སེམས་ཁུར་གྱིས་ནང་དུ་ཡང་ཡང་བཙུད་པར་བྱས། ཡིན་ནའང་ད་ལྟ་འུ་གཉིས་ལ་ལས་སྨོན་གྱི་བཏབ་པའི་ཁྱིམ་འཁོར་ཞིག་ཡེ་ནས་མེད། དེ་བས། ཁྱོད་ལ་མཐའ་མཇུག་གི་སྐད་ཆ་འདི་དག་དཔྱིད་ཟླ་འགོ་མ་དང་མཉམ་པོར་ཞུ་རྗེས་ཚིག་གཅིག་མེད་པར་རང་རང་སར་བུད་འགྲོ་བ་མ་ཡིན་ནམ།
དཔྱིད་ཟླ་ར་བར་ཁྱོད་ཀྱི་རྨི་ལམ་ལ་སེམས་པ་གླན་འདྲའི་དུས་ཚིགས་འདིར། ཕ་ཡུལ་གྱི་ནམ་མཁར་ལྟ་དུས་ངའི་དྲན་པའི་ནང་ཁོག་ལ་གཤོག་པ་ཐོགས་ཏེ་ཁྱོད་ཀྱི་དྲན་པའི་སྟེང་དུ་ལྡིང་སྐོར་ཡང་ཡང་བྱས། ཧ་ཅང་ཐང་ཆད་པའི་སྣང་བ་དང་སེམས་ཁམས་ཤིག་གིས་མཉམ་འཛོམ་གྱི་སྐལ་བ་ཕྲ་མོ་དེའང་ཁོར་ཡུག་གི་ཤུགས་རྐྱེན་དང་མི་ཁའི་དཀྲོག་གཏམ་ལ་སྐྲག་ནས་དེ་དག་གཏིང་བརྗེད་དུ་གྱུར་སོང་། ཐ་ན་རང་ལ་དབང་བའི་བསམ་བློ་དེའང་གཞི་ནས་ཡལ་ནས་ཡུན་རིང་འགོར།
དུས་རབས་འདིའི་སོ་མཚམས་ནས་བརྒལ་རྒྱུ་དཀའ་ནའང་ཁྱོད་དང་ལྷན་དུ་དཔྱིད་ཟླ་རིང་མོ་འདི་ཉི་ནུབ་ཀྱི་ཕག་ཏུ་བསྐྱལ་ཀྱང་སྐྱེ་བ་འདི་ལ་ང་རང་བློ་འགྱོད་མེད།ཁ་བ་འབབ་པའི་མཚན་མོ་རེ་རེའང་ཁྱོད་ཉིད་དྲན་པའི་སེམས་པ་འདི་སྐྱོ་དགོས་བྱུང་། དེ་ལྟར་བསམ་དུས་ད་གཟོད་ཁྱོད་རང་འཇིག་རྟེན་དཀར་ངོགས་སུ་མེད་པ་ཤེས་ལ་གཉེན་ཉེ་དང་སྤུན་མཆེད་དག་གིས་ཁྱོད་ཀྱི་དོན་དུ་གདུང་སེམས་ཀྱི་བློས་བསླངས་ཚད་མེད་ཅིག་བྱས་རྗེས་ཤུལ་བཞག་གི་བརྩེ་བ་དང་རྣམ་དཀར་དགེ་བའི་ལས་བྱས་པ་དེ་དག་ཡི་རངས་དང་དགའ་མགུ་ཡིད་ཚིམ་པ་ཞིག་བྱེད་སྲིད་དམ།
༼ རྒྱ་ཚང་སྨོན་ལམ། ༽