国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་རྫོང་གིས2025ལོའི་དཔྱིད་རྨོད་ལས་ཀ་སྤེལ།

སྤྱི་ཟླ4པའི་ཚེས8ཉིན།དཀར་མཛེས་རྫོང་གིས་གསེར་མཁར་ཡུལ་ཤོག་ཏུ2025ལོའི་དཔྱིད་རྨོད་ལས་འགོ་འཛུགས་པའི་མཛད་སྒོ་སྤེལ་བ་རེད། ཁུལ་ཞིང་ལས་འཕྲུལ་ཆས་ཁྱབ་གདལ་ཞབས་ཞུའི་ལྟེ་གནས་ཀྱིས་ཆེད་ལས་ལག་རྩལ་མི་སྣ་མངགས་ནས་ཡུལ་དངོས་སུ་ཞིང་ལས་འཕྲུལ་ཆས་ཅན་ཁྱབ་གདལ་གསོ་སྦྱོང་ལས་དོན་སྤེལ་ཏེ་དཀར་མཛེས་རྫོང་གི་ཞིང་ལས་འཕྲུལ་ཆས་ཅན་ལག་རྩལ་གྱི་ཆུ་ཚད་མཐོ་རུ་བཏང་ནས་སི་ཁྲོན་ནུབ་བྱང་མཐོ་སྒང་གི་འབྲུ་མཛོད་འཛུགས་སྐྲུན་ལ་རོགས་རམ་བྱས་པ་རེད།

ད་ལོ་དཀར་མཛེས་རྫོང་གི་དཔྱིད་རྨོད་བརྒྱུད་རིམ་ཧྲིལ་པོར་འཕྲུལ་ཆས་ཅན་གྱི་ལས་སྒྲུབ་དེས་ལས་ཕྱོད་ཆེས་ཆེར་ཕྱིན་ཡོད། བྱེད་སྒོ་སྤེལ་ཡུལ་དུ་འདྲུད་འཐེན་འཕྲུལ་འཁོར་དང་།གཤེར་གནོན་ཐོང་གཤོལ།ལུད་གཏོར་འཕྲུལ་འཁོར་སོགས་སྔོན་ཐོན་གྱི་ཞིང་ལས་འཕྲུལ་ཆས་དང་སྒྲིག་ཆས་རབ་དང་རིམ་པ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཏེ།ས་ཞིང་བཟང་པོ་དང་།ས་བོན་བཟང་པོ།གོ་སྐབས་བཟང་པོ།བཅའ་ཁྲིམས་བཟང་པོ།ལམ་ལུགས་བཟང་པོ་བཅས་བཟང་ལྔ་མཉམ་འདྲེས་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཞིང་ལས་ཐོན་སྐྱེད་ཁྲོད་གཞི་ཚུགས་ཏེ་ཞིང་ལས་དེང་རབས་ཅན་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན།

ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་རྫོང་ནི་རང་ཁུལ་གྱི་ཞིང་འབྲོག་རྫོང་ཆེན་པོ་ཞིག་ཡིན་པས། ཞིང་ལས་འཕྲུལ་ཆས་ཅན་འཕེལ་རྒྱས་གཏོང་བའི་བགྲོད་ལམ་ཐོག་བརྟན་པོའི་ངང་མདུན་སྐྱོད་བྱེད་བཞིན་ཡོད། 2024ལོའི་བར་རྫོང་ཡོངས་ཀྱི་ཞིང་ལས་ལོ་ཏོག་རྨོ་འདེབས་དང་བསྡུ་ལེན་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་བའི་ཚད་བརྒྱ་ཆ74.21ཟིན་པ་དང་སོན་འདེབས་རྒྱ་ཁྱོན་མུའུ་ཁྲི21.56ཟིན་པ་རེད། འཕྲུལ་འཁོར་རྨོད་འདེབས་དང་འཕྲུལ་འཁོར་སོན་འདེབས།འཕྲུལ་འཁོར་བསྡུ་ལེན་བཅས་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཞིང་།འཕྲུལ་ཆས་ཅན་གྱི་ལས་སྒྲུབ་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ལས་སྒྲུབ་སྤུས་ཚད་དང་ཞིང་ལས་ཐོན་སྐྱེད་ཀྱི་ལས་ཆོད་ནུས་ལྡན་ངང་མཐོ་རུ་ཕྱིན་པར་མ་ཟད།མི་ཤུགས་ཀྱི་མ་གནས་ཀྱང་ཆེས་ཆེར་དམའ་རུ་ཕྱིན་ནས་འབྲུ་རིགས་ཐོན་སྐྱེད་དང་ཡོང་འབབ་འཕར་སྣོན་ཡོང་བར་རྨང་གཞི་བརྟན་པོ་བཏིང་པ་རེད།

ཕྱིན་ཆད། དཀར་མཛེས་རྫོང་གིས་ཞིང་ལས་འཕྲུལ་ཆས་ཅན་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཞིང་ལས་འཕྲུལ་ཆས་ཅན་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་མ་དངུལ་གཏོང་ཚད་སྔར་བས་ཆེ་རུ་གཏང་རྒྱུ་ཡིན་པ་རེད། སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ཞིང་ལས་འཕྲུལ་ཆས་དང་ཡོ་བྱད་སྔར་ལས་མང་བ་ནང་འདྲེན་དང་ཁྱབ་གདལ་གཏོང་བ་དང་།ཞིང་ལས་འཕྲུལ་ཆས་ལག་རྩལ་གསོ་སྦྱོང་བྱེད་པར་ཤུགས་བརྒྱབ་སྟེ། ཞིང་ལས་འཕྲུལ་ཆས་ཀྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏང་རྒྱུ་དང་། ཞིང་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་བཏང་ནས་དུས་རབས་གསར་པའི་ཆུ་ཚད་སྔར་ལས་མཐོ་བའི་སི་ཁྲོན་ནུབ་བྱང་མཐོ་སྒང་གི་འབྲུ་མཛོད་བསྐྲུན་རྒྱུ་ཡིན་པ་རེད།།

(བདེ་སྐྱིད་ཀྱིས་བསྒྱུར།)