ཡིད་སེམས་སྤྲིན་དཀར་ཚོགས་ཀྱིས་རྒྱས་བཏབ་པའི། །
དྭངས་གསལ་འོད་མདངས་ཕྱུག་པའི་མཁའ་དབྱིངས་ལ། །
ཚོར་འདུ་ཚིག་ལ་འཐབ་པའི་སྣང་བ་དེ། །
དེ་རིང་ངག་རིག་དབྱངས་སུ་དབབ་པར་བྱ། །
དབྱངས་ཅན་ངག་རིག་བཏེགས་པའི་ཁོར་ཡུག་ན། །
ཚོར་བ་གླུ་རུ་བཞེངས་པའི་ན་གཞོན་གྱིས། །
དུང་བརྗོད་བརྩེ་བའི་གླིང་བུ་འབུད་པས་ན། །
དེ་རིང་སྙན་པའི་ཁབ་ཏུ་བག་མར་བྱོན། །
འབྲོང་ཁྱུ་རི་ལ་བཤར་བའི་རྗེས་ཤུལ་དུ། །
བརྩེ་འཛུམ་ལས་ཀྱི་རི་མོ་མ་བྲིས་ཀྱང་། །
ན་ནིང་འཚོ་སྡོད་བྱེད་སའི་སྒེའུ་ཁང་དུ། །
ཕྱིར་དྲན་རེ་བའི་རྨུ་ཐག་དེ་རུ་མཆིས། །
སྙན་ཚིག་དྭངས་མ་ལུད་པའི་ཆང་ཕོར་ནང་། །
དུང་ཞེན་མཛའ་བརྩེའི་རླབས་ཀྱི་མངར་ཁ་ཞིག །
ངག་རིག་ཟླ་བས་མྱོས་པའི་ཁྱོད་ཉིད་ལ། །
བརྩེ་བའི་འཛུམ་མདང་ཞིག་དང་མཉམ་དུ་དྲངས། །
ཁྱེད་ནི་དབྱངས་ཀྱི་རྒྱུ་སྐར་ཕྲ་མོ་སྟེ། །
དལ་བུར་ལྷ་ལམ་ངོས་སུ་རྒྱུ་བ་ན། །
བདག་གིས་ཟུར་མིག་མཁའ་རུ་གཅེར་བ་དེ། །
སྤྲིན་པ་ལམ་ལམ་གསེབ་ནས་ཨེ་མཐོང་ངམ། །
དྲན་པ་ངལ་དུབ་འདྲེས་པའི་ས་སྲོད་དུ། །
གདུང་བའི་དྲན་ཤིང་རི་མོར་བྲིས་པས་ཀྱང་། །
སྣ་ཚོགས་གཏམ་གྱིས་གཡོག་པའི་གྲིབ་མ་དེ། །
ཁྱོད་ཕྱོགས་སོང་བའི་ནམ་མཁའི་སྤྲིན་པ་ཉིད། །
ཡུན་རིང་ཉར་བའི་སེམས་ཀྱི་ཟབ་ས་རུ། །
སྙན་ཚིག་གཡུ་ཡི་ལོ་འདབ་བཞད་ཡོད་པས། །
ནམ་ཞིག་དགྱེས་འཛུམ་དགའ་མའི་ངོ་གདོང་དང་། །
འཕྲད་ཚེ་ཚེ་ཡི་གཏམ་རྒྱུད་ཁྱོད་ལ་འབྲི། །
གཞོན་པའི་སྣང་བ་མཐུན་པའི་གྲིབ་བསིལ་ངོགས། །
བརྩེ་བའི་ངག་རིག་དྲི་བཟང་འཚོལ་བས་ན། །
མཛའ་མཐུན་སྐྱིད་ཆུའི་ཟམ་ཆེན་འགྲམ་ངོགས་ནས། །
དབུགས་དབྱུང་བདེ་བར་སྩོལ་བའི་ཐ་སྙད་རྙེད། །
༼ རུས་རྐང་དྭངས་མ། ༽