国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེམས་ཀྱི་སྲུང་མ།

ང་ནི་རླུང་བུའི་ཉིན་སྲིབ་སོ་སོ་ན།།

ལུས་ཀྱི་རྣམ་ཐར་སྣ་ཚོགས་འཁྲབ་བཞིན་དུ།།

བཟི་བའི་སྣང་བར་སྒྱུ་མའི་ཚོན་བྱུག་སྟེ།།

གངས་ཁྲོད་སེང་གེ་དེའང་ཡིན་ནོ་ཟེར།།

མི་ཐུབ་དབང་ལ་ཤོར་བའི་སེམས་པ་འདིས།།

དྲན་པའི་ཁ་ལོ་གང་དུ་དཀྱུས་གནང་ཚེ།།

བདག་གི་མི་རབས་གསུམ་གྱི་རྟ་ཕོའང་།།

མགོ་བོ་བསྒུར་ནས་གཞན་ཡུལ་སྙེག་དགོས་ཡོད།།

དགའ་སྐྱོའི་རྨུ་ཐག་དཀར་ཡང་ནག་ཀྱང་རུང་།།

སེམས་ཀྱི་ལག་པ་ཕངས་མེད་འཇུས་པ་ནི།།

མུན་ཁྲོད་ཟླ་འོད་མེད་པའི་སྔ་རྗེས་སུ།།

ལང་ཚོའི་མེ་ཏོག་བཞེངས་བའི་ཁོ་མོ་ལགས།།

སྨིག་རྒྱའི་ཀློང་དུ་མགོ་བོ་འཁོར་ནས་ནི།།

རུས་པའི་གསེང་ལ་འཁྱག་རླུང་གཡུག་པ་ན།།

སྤྲིན་རིམ་གཏོར་ནས་གམ་དུ་འབྱོར་བ་དེ།།

ཚོར་འདྲེས་ཟབ་པའི་བདག་མོ་ཁྱོད་ཉིད་རེད།།

ཉིན་ལ་འཁོར་བའི་རྟ་བདུན་འདྲུད་མཁན་ཉན།།

མཚན་དུ་སྐར་མའི་ལུག་ཁྱུ་འཚོ་རོགས་བྱེད།།

འཁོར་བའི་སྙིང་པོ་དུངས་བའི་སྦྱིན་མཁན་དེ།།

ཚངས་སྲས་བྱོན་ཡང་ཁྱོད་ལས་ལྷག་ཅིག་གང་།།

ཞལ་འཛུམ་ཟླ་བ་དཀར་ནས་ནག་པ་མེད།།

གཉུག་གཤིས་སྡོང་བུ་སློག་ཀྱང་འགྱེལ་བ་བྲལ།།

རྟག་པར་ང་ཡི་རི་དྭགས་སྐྱོང་བྱེད་པས།།

འཕགས་པའི་ཚོགས་ཀྱང་རེ་ཞིག་མགྲིན་པ་འགག།

མི་ཚེའི་ནམ་མཁར་མེ་ཏོག་འདེབས་པ་དང་།།

གསང་བའི་ཚོགས་ནི་སྟོན་མོར་བཤམས་པ་སོགས།།

བདག་ཉིད་དགྱེས་པའི་དཔལ་དུ་འབུལ་བས་ན།།

མིག་གི་ལོངས་སྤྱོད་སེམས་ཀྱི་སྲུང་མ་ཡིན།།

༼ བཙན་མི། ༽