国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མོའི་མིང་ལ་རྩམ་པ་ལྷ་མོར་འབོད།

ངས་མོར་སྙན་ངག་ཅིག་འབྲི་ཞེས་བཤད་མྱོང་། དུས་དེབ་ཅིག་གམ་ཚགས་པར་ཞིག་ཏུ་བཀོད་ནས་སྟེར་ཞེས་ཁས་ཀྱང་བླངས་ཡོད། ངས་མོར་ཁྱིམ་ཚང་ཞིག་སྟེར་ཞེས་ལབ་མྱོང་། ད་དུང་བུ་མོ་སྙིང་རྗེ་ཞིག་དང་བུ་ཆུང་པྲ་ཚག་ཅིག་གིས་ངེད་གཉིས་ལ་ཨ་ཕ་དང་ཨ་མ་ཞེས་བོས་ན་ཅི་མ་རུང་སྙམ་པའི་འདོད་པའང་ཡང་ཡང་བཤད་མྱོང་། དོ་ནུབ་ངས་སྔར་བཞིན་ལྷག་ལུས་སུ་སོང་བའི་སྐད་ཆ་འགའི་མགོ་རྐང་བསྒྲིགས་ནས་མོར་བཤད་བསམ་དུས། ང་ལ་ལྷག་པ་ནི་རྨི་ལམ་དང་འདྲ་པར་ལ་བཏེགས་པའི་ཕྱིར་དྲན་ཁོ་ན། རྨི་ལམ་དང་འདྲ་པར་ཁོ་ན་ལས་རྙེད་བཏུབ་པའི་ང་དང་ཁོ་མོའི་དྲན་པའོ།། ངས་འདི་ལྟར་ལོ་ཟླ་ཞིག་གི་ལྷིང་འཇགས་རྔུབ་ཀྱིན་ཕྱིར་དྲན་གྱི་སྒོ་མོ་ཡང་ཡང་རྡུང་དུས། དུས་ཚོད་ཀྱིས་ང་ལ་གནང་ཡོང་བ་ནི་དངོས་ཡོད་ཀྱི་ངེད་གཉིས་དེ་སོ་སོར་བྲལ་བའི་ངེད་གཉིས་སོ།།

དོ་ནུབ་ཀྱི་ཟླ་བ་རབ་རིབ། རྨི་ལམ་རབ་རིབ། ང་ལ་དབང་བའི་མོའི་སྣང་བརྙན་ཡང་། སྨུག་ལོང་གིས་བསྒྲིབས་པ་བཞིན། དཔག་ཚད་ཀྱིས་བཅད་པ་ལྟར་རབ་རིབ་རབ་རིབ་ཅིག་ཡིན། བརྩེ་དུང་། དུས་རབས་ནས་དུས་རབས་བརྒྱུད་དེ་དབུལ་ཕྱུག་དང་རིགས་རྒྱུད་ཀྱི་ས་རྟགས་ལ་ཧབ་ཆ་རྒྱག་གིན་ངེད་གཉིས་ཀྱི་མཚམས་སུ་སླེབས་དུས། ངས་དེ་ནི་སྔར་བཞིན་ཕོ་མོ་ཟུང་གི་དགའ་དུང་གི་རྣམ་ཤེས་ཞུགས་པའི་ཐ་སྙད་གསོན་པོ་ཞིག་ཡིན་ན་བསམས་བྱུང་། གཡོ་ཟོལ་དང་མཛེས་བཙོག་གིས་མ་འཁྱེར་བའི་བརྟན་ཚུགས་ཤིག་ཡིན་པའི་སྨོན་ལམ་ཡང་བཏབ་མྱོང་། བརྩེ་དུང་། ངའི་སེམས་ཀྱི་གཏིང་ས་ན་ད་དུང་ཁུ་སིམ་མེར། སྐྱེས་པ་ཞིག་གི་ཁྲེལ་གཞུང་དང་ཟབ་བརླིང་ཁུར་ནས། རྫུ་བག་དང་རྫུན་ཚིག་གིས་མ་བཅོས་པར་ཆེས་ཐོག་མའི་དྭངས་གཙང་ཉར་ཡོད། མི་ལོ་གཅིག་སྟེ་མོ་དང་གྱེས་ནས་ཏག་ཏག་མི་ལོ་གཅིག་སོང་བའི་དོ་ནུབ། ངས་སྐར་མ་སྤར་མོ་གང་བཏུས་ཏེ་མོའི་ཕྱོགས་སུ་གཏོར། བྱང་ཕྱོགས་ཀྱི་རི་རྒྱུད་དང་ཆུ་རྒྱུད་དེད་ནས་མོ་འདུག་སའི་གྲོང་སྡེ་ཆུང་ཆུང་དེར་གཏོར། དེ་དག་མཚན་མོ་དང་མཚན་མོ་བྱས་ཏེ་མོའི་ནམ་མཁའ་ལ་ཡང་ཡང་འཆར་བར་ཤོག། ཉི་འོད་ཀྱིས་མ་ནུས་ཤིང་ཟླ་འོད་ཀྱིས་མ་ཐུབ་པའི་མཛེས་པ་ཞིག་ཀྱང་མོ་ལ་སྦྱིན་བཏུབ་པར་སྨོན།

༼ ཐུགས་རྗེ་བྱམས་པ། ༽