ཉེ་ཆར། སེར་ཤུལ་རྫོང་གིས་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་། སྐྱེ་ཁམས་རྨང་གཞི་བརྟན་དུ་གཏོང་བ། གནོད་ལྡན་སྐྱེ་དངོས་ཀྱིས་རྩྭ་ཐང་ལ་གཏོར་བཤིག་ཐེབས་པ་སྔོན་འགོག་ནུས་ལྡན་བྱ་ཆེད། 2025ལོའི་དཔྱིད་དུས་གནོད་ལྡན་སྐྱེ་དངོས་འགོག་བཅོས་བྱེད་སྒོ་སྤེལ་བ་རེད།
ཉེ་བའི་ལོ་ཤས་རིང་སེར་ཤུལ་རྫོང་གིས་སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་སུ་རྒྱུན་མཐུད་ངང་ནུས་ཤུགས་བཏོན་ནས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་བ། ཚན་རིག་ཞིབ་འཇུག་སློབ་གླིང་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་གནོད་ལྡན་སྐྱེ་དངོས་འགོག་བཅོས་ཀྱི་ཚན་རིག་རང་བཞིན་དང་། གནད་འཁེལ་རང་བཞིན་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། ཚན་རིག་དང་མཐུན་པར་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་བཀག་འགོག་ནུས་ལྡན་བྱས་ནས་རྩྭ་ཐང་གི་སྐྱེ་ཁམས་རྒྱུན་མཐུད་ལེགས་བཅོས་ཡོང་བའི་འགན་ལེན་བྱས།
ད་ཐེངས་ཀྱི་གནོད་ལྡན་སྐྱེ་དངོས་འགོག་བཅོས་བྱེད་སྒོ་ནི་སེར་ཤུལ་རྫོང་གིས་སྐྱེ་ཁམས་སྔོན་ལ་འཕེལ་རྒྱས་གཏོང་བའི་འདུ་ཤེས་ལག་ལེན་བསྟར་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཀླུང་སྔོ་ལྗང་སྲུང་སྐྱོང་དང་འབབ་རྒྱུད་ཆེན་པོ་གཉིས་ཀྱི་སྐྱེ་ཁམས་བདེ་འཇགས་འགན་ལེན་བྱ་ཆེད་སྟོབས་ཤུགས་དེ་བས་ཆེ་བ་ལེགས་སྐྱེས་སུ་ཕུལ་ཡོད། བྱེད་སྒོ་ཉིན་གཉིས་རིང་ལ་རྒྱུན་མཐུད་ངང་སྤེལ་ཞིང་། འགོག་བཅོས་རྒྱ་ཁྱོན་མུའུ་ཁྲི6ལྷག་ལ་ཟིན་ཡོད། རྫོང་རིམ་པའི་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་པ། སེར་ཤུལ་གྲོང་རྡལ་གྱི་ལས་བྱེད་པ་དང་ལས་བཟོ་ཡོངས། སེལ་ཤུལ་གྲོང་རྡལ་གྱི་མང་ཚོགས་འཐུས་མི། དགེ་འདུན་འཐུས་མི། དེ་བཞིན་ཆེད་ལས་གནོད་ལྡན་སྐྱེ་དངོས་འགོག་བཅོས་དཔུང་ཁག་བཅས་ཀྱི་ཁྱོན་མི2000ལྷག་བྱེད་སྒོར་ཞུགས་པ་རེད། ( དཔལ་བཟང་གིས་བྲིས་ཤིང་པར་བླངས།)