སྤྱི་ཟླ4པའི་ཚེས18ཉིན། བྲག་མགོ་རྫོང་གིས་ཤྭ་རྭ་ཐང་གྲོང་རྡལ་དུ་དཔྱིད་རྨོད་མཛད་སྒོ་སྤེལ་བ་རེད། བྲག་མགོ་རྫོང་གི་ཡུལ་ཤོག་དང་གྲོང་རྡལ་ཁག་གི་ཡུལ་མི་ཚོས་གཟབ་མཆོར་སྤྲས་ནས་ཞིང་ཁར་བསྐྱོད་དེ་དཔྱིད་རྨོད་མཛད་སྒོ་སྤེལ་བ་རེད།
ཞིང་ལ་ལོ་ལེགས་འབྱུང་བའི་བཀྲ་ཤིས་སྨོན་འདུན་གྱི་ཁ་གཡང་དང་འགྲོགས་ནས་སྐྱེས་པ་ཚོས་རྨོན་པ་དོར་བསྡེབས་ཀྱི་རྨོ་འདེབས་བྱེད་སྟངས་སྤྱད་ནས་ཞིང་རྨོད་པ་དང་བུད་མེད་ཚོས་སོན་བཟང་བཏབ་པ་རེད། དེ་དང་ཆབས་ཅིག་རྨོ་འདེབས་འཕྲུལ་འཁོར་གྱིས་ལྡིར་སྒྲ་སྒྲོག་བཞིན་རྨོ་འདེབས་བྱས་ཤིང་སྲོལ་རྒྱུན་རྨོ་འདེབས་དང་དེང་རབས་རྨོ་འདེབས་ཟུང་དུ་འབྲེལ་ནས་དཔྱིད་རྨོད་ལས་ལ་རེ་བའི་གསོན་ཤུགས་རྒྱས།
ཤྭ་རྭ་ཐང་གྲོང་རྡལ་སྡེ་ཁུལ་ལས་དོན་ཨུ་ལྷན་གྱི་བློ་བཟང་དགའ་བས“ང་ཚོའི་གྲོང་རྡལ་གྱི་ས་ཆ་ཀུན་ཏུ་དེང་རབས་ཞིང་ལས་འཕྲུལ་ཆས་ཀྱི་སྒྲ་ཐོས་ཤིང་ཞིང་ལས་ཐོན་སྐྱེད་སྔར་ནས་འཕྲུལ་ཆས་ཅན་དུ་གྱུར་ཡོད། སོན་འདེབས་དང་རྔ་བསྡུ་སོགས་ཧ་ཅང་སྟབས་བདེ་ལ་ལས་ཆོད་ཆེ་བ་རེད། འོན་ཀྱང་ཕ་མེས་ཡང་མེས་ཀྱིས་བཞག་པའི་མཐོ་སྒང་གི་རྨོ་འདེབས་རིག་གནས་ནི་རྩ་བ་ཡིན་པས་འདོར་མི་རུང་། དེའི་རྐྱེན་གྱིས་ལོ་ལྟར་དཔྱིད་རྨོད་སྐབས་སུ་རྨོན་པ་དོར་བསྡེབས་ཀྱི་རྨོ་འདེབས་བྱེད་སྟངས་ཡང་སྤྱོད་བཞིན་ཡོད”ཅེས་བཤད།
ཐེངས་འདིའི་བྱེད་སྒོར་སོན་འདེམས་དང་འདྲུད་འཁོར་གྱིས་ཞིང་རྨོ་བའི་ལག་རྩལ་འགྲན་སྡུར་ཡོད་པར་མ་ཟད། སྡེ་ཁུལ་ཁག་གི་འཐུས་མི་རུ་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་འཁྲབ་སྟོན་བྱས་ཏེ་མཐོ་སྒང་གི་ཞིང་ལས་རིག་གནས་གསོན་ཉམས་དོད་པོས་མངོན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བྲག་མགོ་རྫོང་གི་ནས་ཀྱི་ཐོན་ལས་འཕེལ་རྒྱས་ལ་གྲུབ་འབྲས་ལེགས་པོ་ཐོབ་པ་རེད། མཉམ་དུ་ཕྱུག་པོ་ཡོང་བའི་ཞིང་ར་བཙུགས་པ་དེས་དེ་སྔ་ཁ་ཐོར་དུ་གནས་པའི་རྨོ་ཞིང་གཅིག་བསྡུས་སྒོས་མཉམ་འབྲེལ་བྱས་ཤིང་། ས་ཞིང་གི་གཏིང་ནུས་སྐུལ་སྤེལ་དང་ཞིང་ལས་ལོ་ཏོག་གི་ཐོན་ཚད་རིམ་བཞིན་འཕར་ནས་ས་ཞིང་མཉམ་འབྲེལ་གྱི“ཞིང་ས་གྲུ་བཞི་དང་ཡུར་ཆུ་འབྲེལ་བ། བགྲོད་ལམ་ཡོད་པ”མངོན་འགྱུར་བྱུང་། དེའི་བསྡོམས་འབོར་ཡོང་འབབ་སྒོར་ཁྲི3200ལ་ཟིན་པ་དང་དུད་ཚང་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི1.82འཕར། ཞིང་ཆེན་རིམ་པའི་སྐར་གསུམ་གླིང་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྒོར་ཁྲི6200ལ་ཟིན་པ་རེད། གླེང་རིན་ཡོད་པ་ཞིག་ལ2025ལོར་འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་སྔོན་དཔག་བྱས་ན་མུའུ་ཁྲི5.55ཡན་ལ་ཟིན་ནས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི1.05ལ་ཟིན་རྒྱུ་རེད།།
( རྟ་མགྲིན་གྱིས་བསྒྱུར།)