国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལི་ཐང་རྫོང་གྱང་པ་གྲོང་རྡལ་གྱིས་སོན་བཟང་སྤྲད་ནས་དཔྱིད་རྨོད་གྲ་སྒྲིག་བྱས།

ཞིང་པ་ཚོས་དགའ་སྤྲོའི་ངང་རིན་མེད་ཀྱི་ཞིང་ལས་རྒྱུ་ཆ་ལེན་བཞིན་པ།

ཉེ་ཆར། ལི་ཐང་རྫོང་གྱང་པ་གྲོང་རྡལ་དུ་སྤེལ་བའི“2025ལོའི་ཐོན་ལས་དར་རྒྱས་ཏེ་བློ་བདེ་བའི་ཞིང་ལས་རྒྱུ་ཆ་སྤྲོད་པའི་མཛད་སྒོ”ཐོག་རི་གསེང་གྲོང་སྡེའི་ཡུལ་མི་བློ་བཟང་ཚེ་རིང་གིས་རྫོང་གིས་དུས་ཐོག་ཏུ་ང་ཚོར་རིན་མེད་ཀྱི་དཔྱིད་རྨོད་དངོས་ཟོག་སྤྲད་པས། ང་ཚོར་མཚོན་ན་དཔྱིད་རྨོད་ལ་དཀའ་གནད་ཆེན་པོ་ཞིག་ཐག་གཅོད་བྱས་སོང་། ངས་ད་ལོའི་ལོ་ཏོག་ལ་ལོ་ལེགས་འབྱུང་བའི་ཡིད་ཆེས་ཆེན་པོ་ཡོད་ཅེས་དགའ་སྤྲོ་ཁེངས་བའི་ངང་དེ་ལྟར་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་གྱང་པ་གྲོང་རྡལ་གྱིས་གྲོང་རྡལ་ཡོངས་ཀྱི་སྲིད་འཛིན་གྲོང་སྡེ9ལ་རྫོང་ཐོག་ནས་མཁོ་སྤྲོད་བྱས་པའི་དཔྱིད་རྨོད་དངོས་ཟོག་རིན་མེད་གཅིག་བསྡུས་ངང་སྤྲད་ཅིང་། ས་བོན་སྤུས་ལེགས་སྤྱི་རྒྱ4000དང་། ཞོག་ཁོག་སྤྱི་རྒྱ22530། གྲོ་སྤྱི་རྒྱ2000། པད་ཁ་སྤྱི་རྒྱ30། ཆིང་ཙ་ཨང་བདུན་པའི་པད་ཚལ་ས་བོན་ཁུག་མ100། སྐྱེ་ལྡན་ལུད་སྤྱི་རྒྱ2000དང་གྲོའི་སྐྱེ་ལྡན་ལུད་སྤྱི་རྒྱ8000བཅས་སྤྲད་པ་རེད།

རི་གསེང་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསམ་འགྲུབ་ཀྱིས་རླངས་འཁོར་ནང་གྲལ་འགྲིག་ངང་བླུགས་པའི་རིན་མེད་ཀྱི་ས་བོན་ཁུག་མ་བརྩིགས་ཡོད་པར་ལྟ་བཞིན་གདོང་ལ་འཛུམ་གྱིས་ཁེངས་པའི་སྒོས་སྲིད་གཞུང་གིས་རིན་མེད་ཀྱི་ས་བོན་མཁོ་སྤྲོད་བྱེད་པར་མ་ཟད། ད་དུང་ཆེད་དུ་ལག་རྩལ་མི་སྣ་མཛུབ་ཁྲིད་བྱེད་དུ་མངགས་ཡོད་པས་ང་ཚོས་རྨོ་འདེབས་ལ་སྔར་ལས་ཡིད་ཆེས་ཆེ་རུ་ཕྱིན་སོང་བ་དང་། གྲོང་སྡེར་ལོག་རྗེས། ངས་དྲང་པོ་དྲང་གཞག་དང་ལུགས་མཐུན་གྱིས་ས་བོན་བགོ་བཤའ་ལེགས་པོ་བརྒྱབ་པར་མ་ཟད། ཡུལ་མི་ཚོར་ཚན་རིག་དང་མཐུན་པའི་སྒོས་རྨོ་འདེབས་བྱེད་དུ་བཅུག་ནས་ཐོན་ཚད་མཐོ་རུ་འགྲོ་བར་སྐུལ་སློང་བྱས་ཡོད་ཅེས་བཤད།

དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལས་དོན་ཏན་ཏིག་ལེགས་སྒྲུབ་དང་འབྲུ་རིགས་བདེ་འཇགས་འགན་སྲུང་ཐུབ་པ། ཞིང་ལས་ཐོན་འཕར་དང་ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏང་ཆེད། ཉིན་ཤས་རིང་། གྱང་པ་གྲོང་རྡལ་གྱིས་བྱ་སྤྱོད་ཧུར་ཐག་སྒོས་སོན་བཟང་སྦྱིན་པར་མ་ཟད། དུས་མཉམ་དུ་ཞིང་ལས་ལག་རྩལ་མཛུབ་སྟོན་ཡང་བྱས་པ་རེད། དཔྱིད་དུས་ཞིང་ལས་ཐོན་སྐྱེད་ཀྱི་འགོ་ཡག་པོ་བཙུགས་ནས་ལོ་ཧྲིལ་པོའི་ཞིང་ལས་ལོ་ལེགས་ཡོང་བར་རྨང་གཞི་བརྟན་པོ་བཏིང་པ་རེད།

ཕྱིན་ཆད། གྱང་པ་གྲོང་རྡལ་གྱིས་ནས་དང་གྲོ། ཞོག་ཁོག་བཅས་ལོ་ཏོག་གཙོ་བོའི་སྐྱེ་འཕེལ་གྱི་འཁོར་ཡུན་ལ་དམིགས་ནས་གྲོང་རྡལ་རིམ་པའི་ཞིང་ལས་ལག་རྩལ་མི་སྣ་དང་། གྲོང་སྡེ་དང་སྤྱི་ཁུལ་གྱི་འབྲེལ་གཏུག་པ། ས་གནས་དེ་གའི་འདེབས་འཛུགས་འཇོན་མི་བཅས་ཀྱི་མཉམ་འགུལ་ཞབས་ཞུའི་ཆེད་གཉེར་འཛིན་གྲྭ་བཙུགས་ནས། ལོ་ཏོག་གི་རིགས་དང་སྐྱེ་འཕེལ་འཁོར་ཡུན་ལ་དམིགས་ནས“སོན་བཟང་ཞིང་ཁའི་སློབ་ཚན”གྱི་བྱ་འགུལ་སྤེལ་ཏེ། ཆུ་ལུད་དོ་དམ་དང་ནད་འབུ་འགོག་ཟོན་སོགས་དངོས་སྤྱོད་ལག་རྩལ་ཐད་འགྲེལ་བཤད་བརྒྱབ་པ་དང་། གཉེར་སྐྱོང་བྱེད་པོ་གསར་པ་དང་ཞིང་དུད་ཆུང་གྲས་ཀྱི་ཁྱད་ལྡན་གྱི་དགོས་མཁོར་དམིགས་ནས། རྨོ་འདེབས་དུད་ཚང་ཆེན་པོར“འཁོར་ཡུན་ཡོངས་ཀྱི་ལག་རྩལ་ཚབ་གཉེར”མཁོ་འདོན་བྱེད་པ་དང་། དབུལ་ཐར་དུད་ཚང་དང་གཞིས་སྲུང་ཞིང་དུད་ལ“གཅིག་གིས་གཅིག་ལ་ཁ་གཏད་པའི”མཛུབ་ཁྲིད་མཁོ་འདོན་བྱས་ནས། སོན་བཟང་ལེ་ལག་ཚང་བའི་ལག་རྩལ་ཞབས་ཞུ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས་ཏེ། སོན་བཟང་གི་ལེགས་ཆ་ཐོན་ཚད་ཀྱི་ཕན་འབྲས་སུ་དངོས་བསྒྱུར་བྱས།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)