ལྷ་ལུང་དཔལ་རྡོར་གྱིས་གླང་དར་མ་བཀྲོངས་པ་ལ།
འཇའ་ཚོན་གྱི་གཞུ་མོར་གློག་ཞགས་ཀྱི་མདའ་མོ་བཅུག་ནས་འཕངས་བ་ལ།
སྤྲིན་ནག་གི་ཕུང་བོ་གཏོར་ནས་འོད་ཀྱི་ཟེགས་མ་ས་རུ་འཕྲོས།
ཉི་མའི་འོད་དང་ཟླ་བའི་འོད།
སྐར་ཚོགས་ཁྲི་འབུམ་གྱི་འོད་ཟེར་གངས་དཀར་པོའི་དབུ་རྩེ་དང་བར་སྐེད།
འདབ་རོལ་དང་གཡས་གཡོན་ཀུན་ཏུ་ཁྱབ།
མུན་ནག་གི་འཇིག་རྟེན་སྐྱི་གཡའ་ཞིང་།
ཁེར་རྐྱང་དུ་བགྲོད་པ་དེ་ལས་ཀྱང་འཇིགས་སུ་རུང་བ་ཞིག་སྟེ།
ཁ་ཕྱོགས་མེད་ལ་གདོང་གྲོགས་ནི་དེ་བས་ཀྱང་ངོ་།
འོན་ཀྱང་།
ཞིབ་ཏུ་བསམ་བློ་རེ་བཏང་ན།
མུན་ནག་ཁྲོད་ཀྱི་མི་བུ་ཁྱོད་ཁེར་རྐྱང་དང་གདོང་གྲོགས་
མེད་པ་ཞིག་ག་ལ་ཡིན།
སྐྱབས་སླུ་མེད་དཀོན་མཆོག་གསུམ་དང་མཁའ་འགྲོ་ཆོས་སྐྱོང་།
ཡུལ་ལྷ་གཞི་བདག་ཚང་མ་ཁྱེད་ཀྱི་དཔའ་ཡ་དང་དཔུང་རོགས།
འགྲོ་རོགས་དང་འདུག་རོགས་ཅི་ལ་མིན།
ད་དུང་ཅང་ཤེས་དངོས་གྲུབ་བདེན་པ།
རྟ་གྱོ་གྱོ་རྩི་ནག་བྱུགས་པ་དེ་ཡང་ལྷ་ཀླུ་གང་རུང་ཞིག་གི་
རྫུ་འཕྲུལ་གྱི་མཐུ་ལས་བྱུང་བ་ཡིན་པར་སེམས།
གཞུ་མཆོག་ལྷ་ཡི་བྱིན་རླབས་ཅན་པོར་མདའ་མོ་རྡོ་རྗེ་རི་འཇོམས་ཐོགས་ན།
ཁམས་གསུམ་བདུད་འདྲེའི་ཚོགས་དེ་སྐད་ཅིག་ཙམ་
ལའང་འཚོ་བའི་གོ་སྐབས་ནི་མ་མཆིས།
བདུན་ནག་གླང་གི་རྭ་ཅོ་ཅན་ཞིག་རྩེ་པོ་ཏ་ལ་རུ་ཐོན་ནས།
ཆོས་རྒྱལ་མེས་དཔོན་རལ་བ་ཅན་པོ་རྐྱེན་ལམ་དུ་བརྫངས་སོང་།
བདུད་ནག་གླང་རྭ་ཅན་པོ་གཡོ་སྒྱུ་ཆེ་ཚོད་འདུག
སྙིང་རྗེ་མེད་ལ་གདུག་རྩུབ་ཀྱང་ཆེ་འདུག་སྐད།
བློ་ཁོག་ཆུང་ལ་བླུན་པོའི་རང་བཞིན་དོད་པ་ཞིག
སངས་རྒྱས་བསྟན་པའི་ཉི་འོད་སྒྲིབ་བྱེད་ཀྱི་བདུད་སྤྲིན་ནག་པོ།
བཙན་པོའི་སྲིད་ཀྱི་རྒྱལ་མཚན་བརླགས་པའི་རླུང་ནག་འཚུབ་མ།
འགྲོ་བ་སེམས་ཅན་སྡུག་ལ་སྦྱར་བའི་ཉེས་ཅན་གྱི་གཏེ་བོ།
བདུད་ནག་ཞིག་གི་མཐུ་འོག་ནས་བདེ་སྐྱིད་ཀྱི་ཉི་མ་མི་འཆར་ལ།
དུད་འགྲོ་ཞིག་གི་དབང་འོག་ནས་རང་དབང་གི་མཚོ་མོའང་རྒྱས་མི་སྲིད།
འདྲ་མཉམ་དང་ཕུན་ཚོགས།
སྟོབས་འབྱོར་དང་མངའ་ཐང་ནི་དུས་དེ་བཟུང་མིང་གི་ལྷག་མ་ཙམ།
ཅུང་ཙམ་འཕྱིས་སོང་བའི་སྐབས་ཤིག་ལ།
གདུང་རྒྱུད་ལྷ་ལ་ཐུག་ནས།
བློ་ཁ་ཆོས་ལ་ཕྱོགས་ནས།
ཆོད་སེམས་སྲིད་ལ་བརྟན་ནས།
འདུན་མ་འབངས་ལ་དཀར་ནས།
སྔོན་མའི་བཙན་པོའི་དམག་དཔུང་གི་རུ་སྣ་དྲངས་པའི་
དཔའ་མཛངས་ཅན་པོ།
སྐབས་དེའི་སངས་རྒྱས་ཀྱི་བསྟན་པ་སྐྱོང་བའི་རྫུ་འཕྲུལ་ཅན་པོ།
མདོ་སྔགས་ཆོས་ཀྱི་གཞུང་ལུགས་ཟབ་མོའི་གཏིང་མཐའ་
འགྲིམ་ནས་རྒྱལ་བསྟན་ལ་འབད་པའི་དུས་སུ་སླར་ཡང་
ཕྱག་ཟུང་གཞུ་མོར་འཇུ་དགོས་པ་དེ་ཁྱེད་ཀྱིས་མཁྱེན་ཡོད་དམ།
གཞུ་མོར་འཇུག་པའི་མདའ་ཕྲན་དེ་ལྷ་སའི་རྩེ་པོ་ཏ་ལའི་ཕྱོགས་
སུ་འཕེན་དགོས་པ་ཞིག་ཁྱེད་ཀྱི་དྲན་པའི་དཔངས་སུ་ཤོང་ཡོད་དམ།
སྒྲོ་ལྡན་སྟོང་གི་མཐུ་ལས་སྤྱངས་པའི་མདའ་ཕྲན་རྣོན་པོ་དེ་ནི།
ཁྱེད་ཀྱིས་མི་རིགས་ཤིག་ལ་བཅིངས་པའི་ལྷད་མེད་ཀྱི་བརྩེ་བ་ཡིན་ལ།
ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱིས་ཕྱུག་པའི་མི་རིགས་ཤིག་གི་ཕུགས་
འདུན་དང་སྤོབས་པ།
འདྲ་མཉམ་དང་རང་དབང་ལ་བརྩོན་པའི་སྙིང་སྟོབས་ཀྱི་དན་
རྟགས་ཀྱང་ཡིན།
མདའ་རྣོན་པོ་དེས་སྤྲིན་ནག་གི་བང་རིམ་གཏོར་ནས་རྒྱང་རིང་
གི་འོད་སྣང་ལ་ཕྱོགས་ཏེ་བཞུད་སོང་།
འོད་ཀྱི་ཟེགས་མ་ནངས་སྔ་མོའི་སྐྱ་རེངས་དང་འགྲོགས་ཏེ་
གངས་རིའི་རྩེ་ནས་སོས་དལ་གྱིས་འཕྲོས་ཡོང་།
༼ མདོ་ལྷ། ༽