ཡིད་འགྱུར་སྟོང་པ་ཞིག་གི་འཆར་ཡན།།
གྲིབ་མས་གཡོ་བ་བྱུང་དུས་སྨྲེང་ཡང་།།
ཉམས་ཀྱི་ཕྱུག་པ་མཐའ་དག་རྒོད་པས།།
ལན་ཆགས་ཅི་ཞིག་ཡིན་པ་མ་མཐོང་།།
འཚོ་བ་མཐའ་ཡས་མིན་པའི་ཕ་རོལ།།
ནམ་ཟླའི་འགྲོས་ལ་ཆགས་ཤིང་ང་ཉིད།།
སྐྱེ་བ་ཅི་ཞིག་བླངས་ཀྱང་སྨོན་ལམ།།
གནས་དེར་ལྷིང་འཇགས་ཤིག་གི་ངོ་བོ།།
གཟོད་ནས་འཆང་བ་སྨོན་པ་དེས་ཆོག།
མཐའ་མེད་མཚོ་མོ་ཞིག་གི་དབུས་སུ།།
ཡིད་མཐུན་ངང་བ་ཟུང་གི་ཚོར་བྱུང་།།
སྨིན་དྲུག་རྒྱུ་སྐར་ཇི་བཞིན་གསལ་ན།།
ཟླ་བའི་འོད་རླབས་མཛེས་པ་མངོན་ཏེ།།
སྒྱུ་འཕྲུལ་ཅི་ཞིག་འཚང་ན་སེམས་སུ།།
ལས་ཀྱིས་མཚོན་པ་ནང་གི་ངང་ཚུལ།།
བཅོས་མིན་འདི་ལྟར་ཡིན་པ་ཚོར་བ།།
བར་ཐག་ཚིག་གི་མདངས་ནི་མག་མོག།
རྒྱང་རིང་ལམ་ཐག་དེ་ཡང་རབ་རིབ།།
ཉམ་ཐག་གླུ་ཡི་གདངས་དེ་མི་གསལ།།
བསིལ་རླུང་འཇམ་པོ་ཞིག་ལ་ཅེར་ནས།།
དཀྱུས་མའི་འཚོ་བ་ཞིག་གི་ཉམས་ལ།།
རྣམ་ཤེས་རིང་མོའི་ཚོར་འདུ་ཆགས་པ།།
ཟླ་བའི་རྨི་ལམ་གང་དེས་ཕ་རོལ།།
དེ་བས་ཆོ་འཕྲུལ་ནང་གི་ཚོགས་བྱུང་།།
༼ ཁམས་འོད་གསལ། ༽