国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཡིད་འོང་རང་བྱུང་གི་བཀོད་པ།

སྤྲིན་པ་དཀར་པོ་ཚོམ་བུ་ཚོམ་བུ་བསྐྱོད། །

སྤྲིན་པའི་ཕག་ནས་སྦྲང་ཆར་ཟམ་ཟིམ་བྱོ། །

ཉི་འོད་སེར་པོ་འོད་ཟེར་ལམ་ལམ་འཚེར། །

ཉི་འོད་འོག་ནས་མི་སེམས་བདེ་ལ་འགོད། །

རི་ལུང་གསེང་ནས་རླུང་བུ་དལ་གྱིས་ལྡང་། །

རླུང་བུ་འཇམ་པོ་ཤ་དང་རུས་པར་འཐིམ། །

གནམ་སའི་བར་ནས་ཟླ་འོད་ལྷོད་ཀྱིས་འཕྲོ། །

ཟླ་འོད་དཀར་པོ་མིག་དང་སྙིང་ལ་སིམས། །

རི་བོའི་ཚོགས་ནི་ཨ་སྔོན་དགུང་དུ་འགྱིང་། །

དགུང་གི་ཁྲི་གདུགས་ཉི་མའི་དབུ་ལ་རེག །

རབ་ཡངས་ནོར་འཛིན་སྒེག་མོའི་ལྟེ་བ་རུ། །

སྡུ་གུ་བཀྲ་བའི་འཇའ་ཡི་གུར་ཁང་ཕུབ། །

གཙང་པོ་རྒྱུན་ཆད་མེད་པ་ག་ལེར་བཞུར། །

གཙང་འགྲམ་མེ་ཏོག་རེ་རེ་མགོ་ལྕོག་ལྡེམ། །

ཆར་ཟིལ་ཁུར་བའི་རྩི་ཤིང་སྣ་ཚོགས་ཀྱིས། །

གར་གྱི་ཉམས་ངོམ་སྣང་བའི་གླུ་ཆུང་ལེན། །

ཁང་པའི་སྐྱིབས་ནས་བྱེ་འུས་སྐད་སྙན་སྒྲོག །

སྙན་པའི་ངག་གིས་ཐོས་འཛིན་བུ་ག་མྱོས། །

སྒེའུ་ཁུང་འགྲམ་ནས་ཕྱེ་ལེབ་གར་ལ་རྩེན། །

ཚུལ་དེས་སྐྱོ་བའི་སྣང་བ་མཐའ་དག་སེལ། །

མི་ཡི་སེམས་ལ་བརྩེ་བའི་ཨ་ལོང་འཁྱིལ། །

བརྩེ་བའི་འོད་ཀྱིས་འཚོ་བའི་བདེ་དྲོད་སྦར། །

དཀར་ནག་ཕྱུགས་ལས་ཟས་ཀྱི་ཕུད་ཁ་འབྱུང་།།

ཞིམ་པའི་ཟས་ཀྱིས་མི་ཡི་ལུས་སེམས་སྲུང་། །

༼ འཇོ་མདའ་པདྨ། ༽