མི་ཉག་རྡོ་ར་དཀར་མོ་རྡོ་རའི་མེ་ཏོག་ཆུང་ཆུང་། །
རྩེ་རོགས་ལུ་གུ་ཆུང་ཆུང་འདྲིས་རོགས་
སྙིང་གི་བྱམས་པ། །
གླུ་ཞིག་ཁྱོད་ལ་བླངས་ཡོད་ཚིག་ལ་
ཚིག་ལན་བསྒུགས་ཡོད། །
འདང་བརྩེའི་མཚོ་མོ་འཁྱིལ་ས་མི་ཉག་
ཕྱོགས་ནས་ཡིད་སྐད། །
ཅང་ཤེས་རྟ་མཆོག་དཀར་པོས་གོམ་ཆེན་
གོམ་ཆུང་སྤོས་ནས། །
སྡེ་ཆེན་སྡེ་ཆུང་འགྲིམས་ཏེ་སྡེ་བའི་ནང་དུ་
བསླེབས་སོང་། །
འགུགས་རིང་འགུགས་ཐུང་བླངས་ཏེ་
མགུར་མས་ལྷ་ཚོཊ་བཞེངས་ཡོད། །
ལྷ་ཚོགས་ནང་གི་ལྷ་མོའི་མཆུ་སྒྲོས་བཀྲག་
མདངས་མངོན་སོང་། །
མི་ཉག་གངས་དཀར་རི་བོ་གངས་
འདབས་ལྷ་མོ་སྒྲོལ་མ། །
ཞེ་འདྲེས་སེམས་ཀྱི་སྨན་ཆུང་གཟུགས་
མཛེས་ལྷ་ཡི་སྲས་ཆུང་། །
ཁྲུང་ཁྲུང་དཀར་མོ་ཞིག་ལ་དབྱངས་
ཀྱི་མུ་ཏིག་བསྐུར་ཡོད། །
ཆུ་ཕྲན་དྭངས་མོོའི་ངོས་སུ་ལྷད་མེད་
འཛུམ་མདངས་བྲིས་ཡོད། །
སྟོད་ཀྱི་གངས་དཀར་ལྷུན་པོའི་སྒེག་ཉམས་
ཡིད་དུ་འོང་བ། །
གངས་སེང་གཡུ་རལ་ཅན་པོའི་གཟི་
མདངས་མངོན་སའི་གནས་རེད། །
བར་རྐེད་རྒྱ་རྫོང་ནགས་ཚལ་གཡུ་ཡི་
མཎྜལ་བཤམས་འདྲ། །
གཡུ་ཆུང་དྲུག་དཀར་རྙེད་སའི་སྨོན་འདུན་
ནང་གི་ལམ་རེད། །
ལྷ་སའི་བར་སྐོར་དྲན་བཞིན་ཚངས་མགུར་
ཡིད་ལ་བཏེགས་ནས། །
དྲན་པའི་མཚོ་མོའི་ནང་དུ་བརྩེ་བའི་མེ་
ཏོག་བཀྲམ་ཡོད། །
བཀྲ་ཤིས་རི་མོ་ཕབ་ན་བཞེས་མཁན་སྨན་
ཆུང་ཁྱོད་ཡིན། །
ཚིག་གི་བདུད་རྩི་སྔོན་མོས་སེམས་ཀྱི་ཕྱི་
ནང་རློན་ཅིག །
ཁུ་བྱུག་མོན་ཡུལ་འཕུར་ཡང་གསུང་
སྐད་ཤུལ་དུ་ལྷག་ཡོང་། །
ཁྲུང་ཁྲུང་རང་ཡུལ་ལོག་དུས་དྲན་པའི་
ཕྱིར་མིག་འཕེན་སྲིད། །
མཚོ་མོར་དར་ཁ་ཆགས་ཀྱང་གསེར་ཆུང་
ཉ་མོས་སྒུག་ཡོང་། །
ཨ་ཅག་སེམས་ཀྱི་ལྷ་མོ་དྲན་པའི་གསང་
བརྡ་ཁྲོལ་དང་། །
ཀ་ལ་པིང་ཀ་ཁྱོད་བྱོས་ལྷ་ཤིང་ཤུག་པ་ངས་བྱེད། །
བྱུ་རུའི་ཕྲེང་བ་ཁྱོད་ཡིན་ཕྲེང་ཐག་སྲ་
མོ་ང་ཡིན། །
སྒྲོན་མེའི་འཁྲིས་སུ་བཞག་པའི་སྨོན་
འདུན་བུམ་པ་གང་བོ། །
ཞི་བའི་མཆོད་ལྷའི་མདུན་དུ་ཁ་བཏགས་
མཉམ་དུ་ཕུལ་ཡོད། །
༼ རྫ་ཤུལ་བློ་བཟང་། ༽