国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྨྲེང་གཞས།

བན་བུན་སྨུག་སྤྲིན་ཡོལ་བས་གནམ་ས་ཁེབས། །

ཟམ་ཟིམ་ཁངས་ཆར་འདྲེས་མས་ས་ཞིང་བརླན། །

བྱེའུས་ཚང་ཁ་ཤིག་གེར་ཅ་ཅོའི་ཁྲོད། །

ཡ་མེད་ཁེར་རྐྱང་གདུང་བ་འདི་ནས་ལེན། །

བདག་ཡིད་གཅིག་ཏུ་མ་བཞུགས་ལྟད་མོར་ཕྱིན། །

འདི་སྣང་སྒྱུ་མའི་འཕྲུལ་གྱི་གར་ལ་གཡེང་། །

དུས་གསུམ་ཉམས་སྣང་དབྱིང་སུ་ཚོར་བ་འདྲེས། །

འདུ་འབྲལ་ལས་ཀྱི་རི་མོས་སྐྱོ་བ་དྲངས། །

བདག་འདུན་ནམ་མཁར་བཏེགས་པའི་རི་གྲོང་འདིེར། །

མ་འབད་རྗེས་སུ་ལུས་པའི་སྣང་བ་འདིས། །

སེམས་ཐག་གཅིག་གིས་སྦྲེལ་བའི་གློ་དཀར་ཚོའི། །

རེ་འདུན་སྟོང་བའི་སྨྲེང་གཞས་སུ་ཡིས་ཚོར། །

བྱམས་བྱམས་མིག་གིས་བལྟས་ཀྱང་མ་རིག་པ། །

སྙན་སྙན་ཚིག་གིས་བྱམས་ཀྱང་མ་ཚོར་ཞིང་། །

དཀར་དཀར་དུང་སེམས་བསྐྱེད་ཀྱང་མ་ཤེས་པའི། །

ངན་ངན་ཚིག་གི་ཡ་ལན་སྨྲེང་བའི་གཞི། །

གྱེས་གདུང་སེམས་ཀྱིས་མ་བཟོད་རྨ་ཁ་ཟབ། །

དྲན་གཞུང་སྙིང་ལ་འཚང་ནས་ན་ཟུག་ལྕི། །

གྲོགས་མེད་ཁེར་རྐྱང་ཉུལ་བའི་རི་གྲོང་ནས། །

སྐྱོ་བ་སེམས་ཀྱི་གཞས་དབྱངས་སུ་ལ་ལེན།

མིག་ཆུ་རྡོག་པོ་ལྷུང་ཡང་ན་ཟུག་འདི། །

སེལ་ཐབས་བསྡུ་ཐབས་མེད་པས་ཅི་བྱ་ཡོད། །

ང་རང་ཁེར་མས་གྱེརབའི་གདུང་སེམས་འདི། །

རྒྱང་རིང་ཨ་ཇོ་ཁྱོད་ཀྱིར་ཚོར་བར་ཤོག །

༼ རང་མདངས། ༽