མི་ཚེ་ནི་དོ་དགོང་གི་གློག་བརྙན་བཞིན་དུས་
ཚོད་གཉིས་ཙམ་གྱིས་མཇུག་རྫོགས་དགོས་
པ་ཞིག་རེད།
ཧ་ཅང་རེ་ཐག་ཆད་པའི་ངང་གྲོགས་པོ་དང་
གཉེན་ཉེ་རེ་རེ་བཞིན་རང་ཉིད་དང་ཁ་
ཁར་གྱེས་ཏེ་འཁྱམ་དགོས་པ་ཞིག་རེད།
མི་ཚེ་ནི་དོ་དགོང་གི་ཕོར་ཇ་ཧུབ་གང་བཞིན་
ནམ་སྨད་ལ་གཉིད་མི་ཁུག་པའི་ཚོད་དུ་
ལུས་འདུག་པ་ཞིག་རེད།
ཧ་ཅང་ཐང་ཆད་པའི་ངང་འབྲི་ཀློག་དང་
སྙན་ངག་གང་ཡང་མ་འབྲི་བར་སང་ཉིན་
གྱི་སྟོང་སང་བའི་ཤོག་ལྷེབ་ལ་མིག་དབང་
ཅེར་དགོས་པ་རེད།
ནུབ་ཇ་མ་འཐུང་བའི་ཡར་སྔོན་དུ་ཆར་
པ་བབས་པ་དང་ནམ་སྨད་ཡོལ་རྗེས་ཁ་བ་
རུ་གྱུར་འདུག །
ཁ་སང་ཨ་མྱེས་གཏམ་རྒྱུད་འཆད་ཀྱིན་
དབྱངས་གསལ་གྱི་ང་རོ་གདངས་སུ་
གྱེར་བ་ཡིན།
དེ་རིང་ང་རང་རྒས་སུ་ཕྱིན་ཏེ་ཚ་བོ་ཚེ་རིང་ལ་
ཕ་སྐད་ཀྱི་རིན་ཐང་ཤེས་སུ་བཅུག་པ་ཡིན།
སང་ཉིན་ཕ་ཡུལ་དང་ཕ་སྐད་རུལ་སུངས་སུ་
གྱུར་ཏེ་སུས་ཀྱང་སྨྲ་མི་ཕོད་པའི་གནས་
སུ་འགྱུར་འགྲོ་བ་རེད།
རེད་དེ་ད་དུང་མཚན་སྨད་ལས་ཡོལ་མེད་
པས་འུ་ཅག་ལ་སྐྱ་རེངས་གསར་པ་དང་
ཞོགས་པའི་ཉི་ཟེར་ཙམ་ཅིས་ཀྱང་ཡོད་
ཆོག་ཆོག་མིན་ནམ།
སེམས་ཀྱི་འདུན་པ་སྔར་ལས་ཐང་དཀར་ལ་
བཅིབ་ཅིང་ཡིད་ཀྱི་སྨོན་པ་སྔར་ལས་གངས་
རི་ལ་མི་འཁྲེང་ཐབས་མེད་བྱུང་།
འུ་ཅག་སྐད་ཡིག་ལ་དབང་མངའ་
བ་ཡིན་པས།
འུ་ཅག་གནའ་དེང་གི་རིག་གནས་ལ་
རྔམ་ཆེན་པོ་ཡིན་པས།
མ་སྐྱོ་མདུན་དུ་བསྐྱོད།
མ་གཡེང་འབད་བརྩོན་བྱོས།
བོར་དུ་མ་འཇུག།
ཤོར་དུ་མ་འཇུག།
ཞེན་འདང་དང་འཁྲེང་སེམས་ཅིས་ཀྱང་
ཡོད་དགོས་པ་རེད་ཨང་།
༼ རྟོགས་སད། ༽