དབྱར་གྱི་བུ་མོས་སྦྲུམ་པའི་ཁ་སང་དེ་རིང་། །
ཆར་རླུང་གྲོགས་སུ་གྱུར་པའི་ཁ་སང་དེ་རིང་།།
ནམ་ཟླས་ཙག་རླུང་ཁུར་བའི་ཁ་སང་དེ་རིང་།།
ཞེ་རྩ་འཁྱག་གིས་བསྡམས་པའི་ཁ་སང་དེ་རིང་།།
གཉེན་སྟོན་ཁང་སྟོན་མང་བའི་ཁ་སང་དེ་རིང་། །
མི་རྣམས་སྒོར་མོས་དབེན་པའི་ཁ་སང་དེ་རིང་། །
ནོར་ནག་དངུལ་ལ་བསྒྱུར་བའི་ཁ་སང་དེ་རིང་། །
བཟའ་ཚང་ནང་འཁོན་མང་བའི་ཁ་སང་དེ་རིང་། །
འབྲོག་ཐོག་དྲ་སྐུད་མེད་པས་ཁ་སང་དེ་རིང་། །
ཞག་རེ་སྡོད་པར་དཀའ་བའི་ཁ་སང་དེ་རིང་། །
རྫོང་ལ་ཉུལ་མཁན་མང་བའི་ཁ་སང་དེ་རིང་། །
དྲ་འབུ་མང་དུ་ཕྱིན་པའི་ཁ་སང་དེ་རིང་། །
སྒོར་མོས་དཔོན་པོ་སྐོས་པའི་ཁ་སང་དེ་རིང་།་།
བླ་མས་རྒྱ་གྲོང་ན་འགྲིམ་པའི་ཁ་སང་དེ་རིང་། །
ཁྲམ་ཚོགས་ཞེན་མི་མང་བའི་ཁ་སང་དེ་རིང་། །
ཡོད་ཚད་སྔོན་དང་མི་གཅིག་ཁ་སང་དེ་རིང་། །
འབྲོག་མིས་ནོར་ཁྱུ་བོར་བའི་ཁ་སང་དེ་རིང་། །
རོང་མིས་ས་ཞིང་དོར་བའི་ཁ་སང་དེ་རིང་། །
རང་མིས་རང་སྐད་རླག་པའི་ཁ་སང་དེ་རིང་།་།
བོད་མིས་སྲོལ་རྒྱུན་བརྗེད་པའི་ཁ་སང་དེ་རིང་། །
༼ སྨྱུག་ཞེན། ༽