སྤྱི་ཟླ4པའིཚེས25ཉིན།ལི་ཐང་རྫོང་དམའ་བ་ཡུལ་ཤོག་གད་སྟོང་གྲོང་སྡེས་གསར་དུ་ཉོས་པའི་ཞིང་ལས་འཕྲུལ་ཆས་སྤྱད་དེ་ཞིང་ནང་དུ་ལས་ཀ་ལས་བཞིན་ཡོད། དེའི་ཐོག་ནས་ལི་ཐང་རྫོང་སྣ་པོ་སྡེ་ཁུལ་གྱི་མ་རྨོས་ལོ་ཏོག་འདེབས་འཛུགས་རྟེན་གཞིའི་འཛུགས་སྐྲུན་ལས་གཞི་དངོས་སུ་འགོ་འཛུགས་པ་མཚོན་གྱི་ཡོད།
མ་དངུལ་བསྡོམས་འབོར་སྒོར་ཁྲི200བཏང་བའི་ཁ་གཏད་རོགས་སྐྱོར་ལས་གཞི་དེ་ཁྲེང་ཏུའུ་གྲོང་ཁྱེར་ཞིན་ཏུའུ་ཆུས་ཀྱིས་རོགས་སྐྱོར་བྱས་པ་ཡིན་ལ།དེའི་དམིགས་ཡུལ་ནི་ས་གནས་དེ་གའི་འབྲོག་ལས་དེང་རབས་ཅན་གྱི་ཆུ་ཚད་ནུས་ལྡན་ངང་མཐོ་རུ་བཏང་ནས་ཞིང་འབྲོག་པའི་ཡོང་འབབ་འཕར་བར་རོགས་བྱ་རྒྱུ་དེ་ཡིན། ལས་གཞི་དེར་མ་རྨོས་ལོ་ཏོག་སྤུས་ལེགས་འདེབས་འཛུགས་རྟེན་གཞི་མུའུ800བསྐྲུན་ནས་དམའ་བ་ཡུལ་ཤོག་གད་སྟོང་གྲོང་སྡེ་དང་སྣ་པོ་གྲོང་རྡལ་ཐང་འདབས་གྲོང་སྡེ་གཉིས་སུ་ཁེབས་ཡོད།
གད་སྟོང་གྲོང་སྡེའི་ཡུལ་མི་རྟ་མགྲིན་གྱིས་སྔོན་ཆད་ས་ཞིང་འདེབས་དུས་མི་ཤུགས་དང་ཕྱུགས་རིགས་ལ་བརྟེན་ནས་ལས་དགོས་པས་ལས་ཕྱོད་དམའ་བར་མ་ཟད་དཀའ་ངལ་ཧ་ཅང་ཆེ། ད་ཆ་ཞིང་འཕྲུལ་འདྲ་མིན་ཡོད་པས་ལས་ཕྱོད་ལྡབ་འགའ་ཇེ་མཐོར་སོང་བས།ང་ཚོར་མཚོན་ན་ཡོང་འབབ་འཕར་བའི་ལས་ཀ་གཞན་དག་སྒྲུབ་པའི་དུས་ཚོད་འདང་ངེས་འདུག་ཅེས་བཤད།ཤེས་རྟོགས་བྱུང་བར་གཞིགས་ན།ཁྲེང་ཏུའུ་གྲོང་ཁྱེར་ཞིན་ཏུའུ་ཆུས་ཀྱིས་ལི་ཐང་རྫོང་སྣ་པོ་སྡེ་ཁུལ་གྱི་མ་རྨོས་ལོ་ཏོག་འདེབས་འཛུགས་རྟེན་གཞིའི་འཛུགས་སྐྲུན་ལས་གཞིར་འདྲུད་འཐེན་འཕྲུལ་འཁོར་དང་ཞིང་འཕྲུལ་གསུམ་ཉོས་པར་མ་ཟད་མ་རྨོས་ལོ་ཏོག་སྤུས་ལེགས་ས་བོན་སྤྱི་རྒྱ2400དང་།འདྲེས་སྦྱོར་ལུད་ཏུན32 ཞིང་སྤྱོད་འགྱིག་སྐྱི་སྤྱི་རྒྱ8000སོགས་ཞིང་ལས་རྒྱུ་ཆ་ཉོས་ཡོད་པས་དངོས་རྫས་དེ་དག་གིས་ཐོན་སྐྱེད་བརྟན་པོ་དང་ཡོང་འབབ་འཕར་བར་རྨང་གཞི་བརྟན་པོ་བཏིང་ཡོད།
ལས་གཞི་དེས་ལི་ཐང་རྫོང་ཞིང་ལས་ཕྱོགས་བསྡུས་ཞབས་ཞུའི་མཉམ་ལས་ཁང་བཙུགས་པར་སྐུལ་ཁྲིད་བྱས་པ་དང་། དེ་ནི་ལི་ཐང་རྫོང་གི་ཞིང་ལས་འཕྲུལ་ཆས་ཅན་དུ་གྱུར་པའི་མཉམ་ལས་རྩ་འཛུགས་ཐོག་མ་དེ་ཡིན་ཞིང་།མཉམ་ལས་ཁང་གིས་ང་ཚོར་ཞིང་ལས་འཕྲུལ་ཆས་བོགས་གཏོང་གྲོན་དངུལ་གྲོན་ཆུང་བྱེད་རོགས་བྱས་པར་མ་ཟད།ཕྱི་ཕྱོགས་སུ་ལས་ཀར་ཞུགས་ནས་ཡོང་འབབ་ཀྱང་རག་ཐུབ། མཉམ་ལས་ཁང་གི་འགན་འཁུར་བ་ཚུལ་ཁྲིམས་རྒྱལ་མཚན་གྱིས་སྔོན་ཆད་ཞིང་འབྲོག་པས་ཞིང་འཕྲུལ་སྤྱད་ནས་ལས་སྒྲུབ་བྱེད་པར་ཞིང་འཕྲུལ་བོགས་གཏོང་དགོས་པས་མ་གནས་ཅུང་མཐོ་བ་རེད། ད་ལྟ་མཉམ་ལས་ཁང་བཙུགས་རྗེས།ཞིང་འབྲོག་པས་མ་གནས་ཅུང་དམའ་བ་དང་ཐ་ན་རིན་མི་དགོས་པར་ཞིང་འཕྲུལ་སྤྱོད་ཆོག་པས་ཐོན་སྐྱེད་མ་གནས་དམའ་རུ་ཕྱིན་ཡོད། དུས་མཉམ་དུ་མཉམ་ལས་ཁང་གིས་ད་དུང་ལས་སྒོ་མཐའ་འཁོར་གྱི་རྫོང་དང་གྲོང་ཁྱེར་དུ་རྒྱ་སྐྱེད་བཏང་ནས་ཕྱི་ཕྱོགས་སུ་ཞིང་འཕྲུལ་ཞབས་ཞུ་མཁོ་འདོན་བྱས་པ་བརྒྱུད་ཡོང་འབབ་འཕར་སྣོན་གྱི་འཆར་གཞི་བཞག་ཡོད། དེ་མིན་མཉམ་ལས་ཁང་གིས་ཁོངས་མི6ཞིང་འཕྲུལ་གཏོང་སྦྱོང་ལ་མངགས་ནས་ཞིང་འབྲོག་པར་ལས་ཞུགས་གོ་སྐབས་དང་ཡོང་འབབ་འཕར་ལམ་དེ་བས་མང་བ་མཁོ་འདོན་བྱ་རྒྱུ་དང་འབྱུང་འགྱུར་ཞབས་ཞུའི་ཁྱབ་ཁོངས་མཐའ་འཁོར་གྱི་རྫོང་གྲོང་དུ་རྒྱ་བསྐྱེད་ནས་ཤུགས་རྐྱེན་དང་དཔལ་འབྱོར་ཕན་འབྲས་སྔར་བས་ཆེ་རུ་གཏང་རྒྱུ་ཡིན་པ་རེད།
ད་ལྟ་ས་ཞིང་འཁོར་རྒྱུག་གི་ཡོང་འབབ་ཡོད་པར་མ་ཟད།མཉམ་ལས་ཁང་དུ་གླ་རྒྱག་ཆོག་པས་འཚོ་བ་ཉིན་བཞིན་ཡར་འགྲོ་བཞིན་ཡོད་ཅེས་སྣ་པོ་གྲོང་རྡལ་ཐང་འདབས་གྲོང་སྡེའི་ཡུལ་མི་ཚེ་རིང་ལྷ་མཚོས་དགོད་བཞིན་དུ་བཤད། ཚོད་དཔག་བྱས་པར་གཞིགས་ན།ལས་གཞི་དེས་ཞིང་འབྲོག་པ་བརྒྱ་ཙམ་གྱི་ཡོང་འབབ་འཕར་བར་ཐད་ཀར་སྣེ་ཁྲིད་ཐུབ་པ་དང་།མི་རེའི་ཆ་སྙོམས་ལོ་རེའི་ཡོང་འབབ་སྔོན་དཔག་བྱས་ན་སྒོར1000ལས་བརྒལ་རྒྱུ་རེད། ལས་གཞི་གྲུབ་རྗེས།སྔོན་དཔག་བྱས་ན་ལོ་རེར་མ་རྨོས་ལོ་ཏོག་ཏུན4000གསར་དུ་བསྣན་པ་དང་།འབྲི་གཡག4000ཡི་དགུན་བརྒལ་གྱི་གཟན་རྩྭ་སྐོང་ཐུབ་པ། དུས་མཉམ་དུ་མཉམ་ལས་ཁང་དང་ཞིང་དུས་མཉམ་འདྲེས་ཀྱི་བྱ་ཐབས་བརྒྱུད་དེ་ས་གནས་དེ་གའི་འབྲོག་ལས་དེ་སྲོལ་རྒྱུན་གྱི་ཕྱུགས་གསོ་ནས་དེང་རབས་ཅན་གཟན་རྩྭས་གསོ་ཐབས་ལ་བསྒྱུར་བཞིན་ཡོད།
ལི་ཐང་རྫོང་ཨུ་རྒྱུན་ལས་ཨུ་ཡོན་དང་།རྫོང་དཔོན་གཞོན་པ།ཁྲེང་ཏུའུ་གྲོང་ཁྱེར་ཞིན་ཏུའུ་ཆུས་ཁ་གཏད་རོགས་སྐྱོར་རུ་ཁག་གི་སྣེ་ཁྲིད་པ་ཁྲེན་ལིས་ཁྲེང་ཏུའུ་གྲོང་ཁྱེར་ཞིན་ཏུའུ་ཆུས་དང་ལི་ཐང་རྫོང་གི་ཞིང་ལས་ཁྱབ་ཁོངས་ཀྱི་རོགས་སྐྱོར་མཉམ་ལས་ནི་འགོ་བརྩམས་པ་ཙམ་ཡིན་ཞིང་།མ་འོངས་པར་ཕྱོགས་གཉིས་པོས་མུ་མཐུད་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཞིང་འབྲོག་པའི་ཡོང་འབབ་འཕར་བ་དང་ཞིང་ལས་དེང་རབས་ཅན་འཕེལ་རྒྱས་ལ་སྐུལ་བའི་ཐབས་ལམ་གསར་པ་དེ་བས་མང་བ་ཐུན་མོང་ཐོག་འཚོལ་ཞིབ་བྱས་པ་དང་།ཡུལ་སྡེ་དར་རྒྱས་ཡོང་བར་རྒྱུན་མཐུད་ངང་སྒུལ་ཤུགས་བསྣན་རྒྱུ་ཡིན་ཞེས་བཤད་པ་རེད།།
( ཀུན་དགས་བསྒྱུར།)