དུས་ཚོད་ཀྱི་འགྱུར་བ་རེ་རེས་ན་སོན་པའི་ལོ་ཟླ་ལས་ཅི་ཡང་མཐོང་མོད། ཞི་ལྷོད་ལ་དགའ་བས་བརྒྱན་པའི་ཉིན་ཞག་དང་སྣང་བ་ལ་སྤྲོ་སེམས་འཁོར་བའི་ལོ་ཟླ་ལས་ཡིད་དུ་འོང་བ་ལ་ཚོད་ཅིག་མེད་པ་ཤིན་ཏུ་དཀོན། ཡིན་ཡང་རྨད་བྱུང་གི་དཔེ་རུ་བླངས་ཆོག་པའི་དཔྱིད་ཀ་སྟེ། དུས་ཚོད་ཀྱིས་རིམ་གྱིས་ཁྲིད་འོང་ལ་དུས་ཚོད་ཀྱིས་རིམ་གྱིས་ཁྲིད་འགྲོ་བའི་ང་དང་ཁྱེད་ཀྱི་མཐོང་བ་དེ་དག ནམ་ཟླའི་བར་གསེང་ནས་སྙིང་པོ་སྒོམ་བཞིན་འཚོ་བའི་གཞུང་དཀྱིལ་དུ་ཡང་སྙིང་བསམ་ཡང་ཅིས་མི་ཆོག།
ད་ལྟ་ཡང་དཔྱིད་ཀ་ཚེས་བྱུང་། ལྗང་མདོག་གི་རྣམ་པ་གསལ་བའི་དཔྱིད་ཀ་ཚེས་བྱུང་། རྩི་ཤིང་དང་རྩྭ་ཐང་གི་འཛུམ་པ་འཕྲོ་བའི་དཔྱིད་ཀ་ཚེས་བྱུང་། དཔྱིད་ཀ་ནི་ལོ་འཁོར་གཅིག་གི་དུས་ཀྱི་ཐོག་མ་དེའོ། །དེའི་ཕྱིར་ནང་སེམས་ཀྱི་འཚོ་བ་ཡངས་པོས་བག་ཕེབས་ལ་གཅེས་བཞིན་ནམ་ཟླའི་འགྲོས་ལ་སྙིང་པོའི་མེ་ཏོག་འཐུ། རྟོག་བཏགས་མིན་པའི་རང་བྱུང་གི་མཛེས་པ་མངོན་པའི་ཐོག་མ་ཡང་དཔྱིད་ཀ་ཡིན། འཚོ་བ་ལྷད་མེད་ཀྱི་དབུས་སུ་མཛེས་སྡུག་མངོན་པ་གསལ་བའང་དཔྱིད་ཀ་འདི་གཅིག་པུ་ཡིན་སྲིད།
ཡུན་རིང་གི་བསམ་གཞིག་ལས་ཅི་ཡང་མ་རྙེད་རུང་། འཕོ་འགྱུར་དང་འགྱུར་ལྡོག་གི་ཀློང་ནས་དགུན་གྱི་ཙག་རླུང་དང་ལྷགས་པའི་གྲང་ངར་ཡང་རིང་དུ་བཀྱེད་དེ་དྲོ་གྲང་འཚམ་པའི་དུས་ཚོད་དམིགས་བསལ་ཞེས་བརྗོད་ཀྱང་ཆོག་སྙམ། ད་ལྟ་ནི་མཁའ་དབྱིངས་ནས་སྦྲང་ཆར་སིལ་མ་འཐོར་ཞིང་སྤང་ཐང་དུ་མེ་ཏོག་གི་མགོ་ལྕོག་ལྡེམ་པའི་དཔྱིད་ཀ་སླེབས་བྱུང་། དཔྱིད་ཀ་ནི་སེམས་ཁམས་ལ་གནང་བའི་དུས་ཚོད་དང་མཛེས་སྡུག་གི་དབུ་ཁྱུད་བྲིས་སའི་ཟླ་བ་བྱེ་བྲག་པ་ཞིག་ཡིན་ངེས། གང་ལྟར་ང་ཚོས་རང་ཉིད་ཀྱི་འཚོ་བ་ཡོད་དགུ་དྭངས་གཙང་གི་རྣམ་པ་གསལ་བའི་དཔྱིད་ཀ་བཞིན་བསྐྲུན་ཐུབ་པའི་རེ་སྨོན་ལ་གཅེས་དགོས། ཡང་ན་མཐའ་མེད་པའི་འཇིག་རྟེན་ལས་དགའ་ཕྱོགས་ཀྱི་རྨི་ལམ་དཔྱིད་ཀ་ལྟར་མཛེས་སྡུག་ལྡན་ཐུབ་པའི་ཡིད་ཆེས་མཁོ་ཨང་།
དཔྱིད་ཀ་ནི་དུས་ཚོད་ལས་བརྒལ་བའི་མཛེས་སྡུག་གི་རང་བཞིན་གཙང་མ་ཡིན་ལ།
དཔྱིད་ཀ་ནི་འཚར་སྡུག་གི་ལས་དབང་སྩོལ་བའི་རང་བྱུང་གི་སྨོན་ལམ་ཐོག་མའང་ཡིན།
༼ ཁམས་འོད་གསལ། ༽