ད་ལྟ་ཆར་པ་འབབ་ཀྱིན་འདུག།
དཔྱིད་འགོ་མའི་ཆར་པ་ཟིམ་ཟིམ་དུ་འབབ་ཀྱིན་འདུག།
ཆར་པ་འབབ་པའི་ཤག་སྒྲ་འདི།
དཔྱིད་ཀ་རེ་རེའི་ཆར་པ་འབབ་སྟངས་དང་མི་འདྲ་བར།
ཡུན་རིང་བསྒུགས་མྱོང་བའི་གཟུགས་མེད་སྐུད་ལམ་ནས།
འདྲིས་བཙན་ཤིན་ཏུ་ཆེ་བའི་སྒྲ་ཞིག་གྲགས་པ་དང་
ཀུན་ནས་མཚུངས།
མཚན་སྨག་གི་འཇིངས་སུ་གཟིམ་པའི་ཁོ་ར་ཁོར་ཡུག།
ལྷིང་འཇགས་ཡིན་པ་ལྟར་ཁ་རོག་གེར་གནས་ཀྱང་།
ད་ལོའི་ཆར་པ་ཐོག་མ་འདིས།
ཡི་དྭགས་ཀྱི་རྣམ་པར་ཤེས་པ་ལ་རྫུ་འཕྲུལ་གྱི་རྐང་པ་
ཞིག་བསྩལ་བྱུང་།
རེ་ཐག་ཆད་པའི་མིག་ཟུང་ལ་སླར་ཡང་འོད་མདངས་
ཤིག་གནང་བྱུང་།
ཆར་པ་ནི་དཔྱིད་དཔལ་མཚོན་བྱེད་ཙམ་མ་ཡིན་པར།
མེ་ཏོག་དང་རྩྭ་ལྗང་གི་རེ་བ་དང་གསོན་ཤུགས་ཡིན་པ་
ཇི་བཞིན།
འབབ་ཀྱིན་པའི་ཆར་གྱི་ཐིགས་པ་རེ་རེའི་ནང་ན།
སུས་ཀྱང་མཉམ་པར་འཇོག་མི་སྲིད་པའི།
མིའི་རིགས་ཀྱི་རེ་བ་དང་སྨོན་འདུན་མི་འདྲ་བ་ག་
ཙམ་བསྐུངས་ནས་ཡོད་ཨང་།
སྐྱ་ཟད་སྔོ་གཏུགས་ཀྱི་ས་གཞི་ཆེན་པོ་འདིས།
དཔྱིད་ཀ་དང་དཔྱིད་ཀའི་རྗེས་ཀྱི་དབྱར་གྱི་ལང་ཚོ་
ལ་གཟས་ནས།
ཆར་པ་ལ་ཐལ་མོ་སྦྱར་ཏེ་སྐྱབས་འཇུག་ཞུ་བཞིན་ཡོད་ཀྱང་།
ང་རང་ཆར་ཁྲོད་དུ་འགྲེངས་ནས་བསམ་བློ་ཇི་ལྟར་
བཏང་ཡང་།
ངས། ཆར་འབྲུ་རེ་རེ་ས་ལ་ལྷུང་བ་དང་མཉམ་དུ།
ཁ་གཡང་དང་རྟེན་འབྲེལ་ཡག་པོ་ཞིག་གཏན་ནས་
སྒྲིག་ཤེས་མ་སོང་།
གསོལ་འདེབས་དང་སྨོན་ལམ་གཙང་མ་ཞིག་ཇི་ལྟར་
རྒྱག་དགོས་པ་དྲན་མ་སོང་།
ངས་མེ་ཏོག་ཅིག་གི་འཛུམ་གོང་གྲོལ་ཡོང་བར་སྨོན་
དགོས་སམ།
ངས་ལྗང་བུ་ཞིག་གིས་ས་གཞི་བརྟོལ་ཡོང་བར་རེ་
དགོས་སམ།
ངས་སྔར་བཞིན་རེ་སྒུག་ཅེས་པའི་ཡིག་འབྲུ་གཉིས་
སྙིང་ཁར་སྦྱར་ནས་འདུག་དགོས་སམ།
ཡང་ན། དམིགས་ཡུལ་གཞན་ཞིག་ཡོད་པ་ལྟར།
སྙིང་ལ་འབྱར་བའི་བསྐལ་པའི་ཚུལ་དྲེགས་འདི་དག།
རེ་རེ་བཞིན་དག་འགྲོ་བར་དམིགས་དགོས་སམ།
ཡང་ན། བདག་གི་ཡུལ་ལྗོངས་ཧྲིལ་པོ་མུན་ནག་
གིས་ཁེབས་ཀྱང་།
སྙིང་ཉེ་བའི་རྒྱང་རིང་གི་ནམ་མཁའ་ན།
མུན་པའི་ནག་ཐིག་ཙམ་མི་འབྱུང་བའི་བྱང་ཆུབ་
མཆོག་ཏུ་སེམས་བསྐྱེད་དགོས་སམ།
༼ གཞི་ཚང་ཟླ་བ་གྲགས་པ། ༽