国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་ཀྱི་ལང་ཚོས་དྲན་ པ་སྒུལ་བྱུང་།

ཁོར་ཡུག་ཤ་ཤེད་རྒྱས་ཏེ། །

ལྗང་མདོག་མཛེས་པས་ཕྱུག་སོང་། །

སྙིང་དང་བར་ཐག་ཉེ་བའི། །

མཛའ་མོ་དྲན་པ་སྒུལ་བྱུང་། །

ཁམ་ཤིང་མེ་ཏོག་བཀྲ་ལ། །

མེ་ཏོག་མིག་ལ་མཛེས་པས། །

རང་སྣང་ཞེན་པའི་མི་དེ། །

ཡིད་ལ་ལང་ལོང་འཁོར་བྱུང་། །

ཁམ་བུ་ལུས་ཤ་བརྟས་ལེ། །

ཁམ་འབྲས་རྒྱས་པ་ཡག་འདུག །

བརྩེ་བའི་རོགས་ལོ་ཁྱོད་རང་། །

སེམས་པའི་ནང་ན་རྩེན་འདུག །

མེ་ཏོག་ཞལ་ཁ་ཕྱེས་པས། །

གཡུ་སྦྲང་འཕུར་དགའ་རོལ་སོང་། །

སྙིང་ཉེ་འཛུམ་དཀར་སྟོན་པས། །

དུང་བའི་མདའ་མོ་ཤོར་སོང་། །

དཔྱིད་འགོའི་ལང་ཚོ་ཡག་བྱུང་། །

ཡུལ་ལུང་དྲོད་ཁ་འབར་སོང་། །

འདང་བརྩེ་དགའ་བའི་མི་དེ། །

དྲན་པའི་སྦུག་ལ་འཆར་འདུག །

ཆར་ཆུ་དལ་བ་བབས་སོང་། །

ས་བོན་འགོ་རྩེ་འབུད་བྱུང་། །

བརྩེ་མཐུན་སྙིང་གི་མི་ལ། །

ཆར་པས་གདུང་བ་བཟིས་སོང་། །

ནམ་ཟླ་དྲོད་ཁུལ་ལྡན་སོང་། །

ཡུལ་ལུང་དྭངས་བས་སྔོ་བྱུང་། །

ཡུན་འདྲིས་དུང་བའི་གཅེས་ལོ། །

འཕྲད་པའི་སྣང་བ་ཚོར་བྱུང་། །

དབྱར་དགུན་རིམ་བཞིན་འཁོར་སོང་། །

དུས་ཚིགས་དཔྱིད་ལ་སླེབ་འདུག །

མ་མཇལ་ཟླ་ཞག་རིང་བའི། །

ཆུང་འདྲིས་མཇལ་སྙིང་འདོད་བྱུང་། །

༼ སྙན་རྐང་གླིང་། ༽