སེམས་ངལ་དང་བསམ་གཞིག་གིས་བསྙལ་བའི་དགུན་ལྗོངས་ཧྲིལ་པོ་ཞིག་ཁེར་རྐྱང་དུ་བསྐྱལ་རྗེས། ཡུལ་དང་ཐག་རིང་བའི་ལྷིང་ཞིང་འཇགས་པའི་དབེན་ལྗོངས་ཤིག་ཏུ་སོང་ནས་མི་ཚེའི་མཐའ་མཇུག་རོལ་འདོད། ཡིན་ན་ཡང་། དུས་ཚོད་དང་བསམ་གཞིག་གི་བར་སྟོང་མེད་པར་འདི་ལྟར་གློ་བུར་གློ་བུར་དུ་ལམ་ལ་ཆས་དགོས་བྱུང་། གཉའ་ཡིས་ཐེག་པར་དཀའ་ཞིང་སེམས་ཀྱིས་བཟོད་པར་མི་ནུས་པའི་སྡུག་བསྔལ་དེའང་སྡུག་བསྔལ་རང་མཚན་པ་ཞིག་མིན་པར་སུས་བསྙོན་ནུས།
སྣུམ་ཤིག་ཤིག་གི་ཡུལ་ལྗོངས་དེ་དང་གྱེས་རྗེས་རང་ཉིད་གཅིག་པུར་ལག་སྟོང་ངང་མཆན་སྟོང་དུ་འཁྱག་སིབ་སིབ་ཀྱི་ཆ་རྒྱུས་ཡོད་སའི་གནས་མལ་དེར་ལོག་དགོས་པའི་མིག་མཐའ་མཆི་མས་སྦངས། དེའི་རྗེས་སུ། མྱ་ངམ་ཐང་ལ་གཞིས་ཆགས་པ་ལྟ་བུའི་རྡོ་ཁང་འཁྱག་པ་རུ་སེམས་པ་རྙི་ལ་ཚུད་སོང་། ཉི་མ་རེ་རེར་ཨུ་ཚུགས་མཐའ་སྐྱེལ་ངང་ལོབ་ཕྱོགས་ལྟར་བློ་འཛིན་སྐྱོར་སྦྱོང་དང་དཔེ་ཀློག་ཁོ་ནས་བསྐྱལ།
ན་ཚོད་འདིར་ང་ལ་སྡུག་བསྔལ་གྱི་རྩད་པ་ཐོགས་འདུག།བསམ་གཞིག་གི་གཏིང་དུ་ལོག་རྗེས་ཁུ་སིམ་སིམ་ངང་ནང་སེམས་ཀྱི་གཞིས་ཀ་ནས་རྒས་ཆོག་གམ། སྐབས་སྐབས་སུ་མི་ཚེའི་ཤེལ་སྒོའི་ངོས་ཀྱི་གྲིབ་ནག་དེ་དག་གིས་ང་རང་སྨག་ནག་གི་ཕྱོགས་སུ་ཐེངས་མང་ཁྲིད། ད་དུང་། གཏམ་རྒྱུད་དང་གླེང་ཕྱོགས་འགའ་རེས་མི་ཡུལ་གྱི་ཟློས་གར་ལ་ཞེད་སྣང་བར་གྱུར།
ས་སྲོད་འདིར། ཉི་ནུབ་ལ་ལྟ་བཞིན་ནང་སེམས་དཔྱིད་རླུང་གིས་སྐྱ་བོར་བསྒྱུར་ཅིང་དཀའ་སྡུག་ལ་གདོང་གཏད་མི་ཕོད་པའི་རང་ཉིད་ལ་གདུང་ཡུས་དང་མྱ་ངན་ཞུས།
སྐབས་ཤིག་གི་རིང་། བར་ཆད་དང་རྐྱེན་གེགས་མང་པོས་རེ་ཞིག་གནས་དེ་དང་ཁ་གྱེས་དགོས་བྱུང་བས་འཇིག་རྟེན་འདི་སྟོང་ལྷང་ལྷང་དང་སྨྲེང་ཤུར་ཤུར་དུ་གྱུར་ཏེ། མིག་ལྕིབས་ཀྱི་མཐའ་ནས་མཆི་མའི་རྡོག་པོ་རེ་གཉིས་ཀྱང་དབང་མེད་དུ་འགྲིལ་ནས་ཟ་འགྲམ་བརྒྱུད་དེ་སྔས་མགོ་བརླན་པར་བྱས་བྱུང་། སྐབས་དེ་དག་ཏུ། ངས་དོན་དེ་རྨི་ལམ་ཡིན་ན་ཅི་མ་རུང་ང་རང་གནས་འདི་ནས་ལྷིང་འཇགས་དང་ཁུ་སིམ་ངང་བསྡད་དེ་ཚེ་ཡི་མཐའ་མར་བསྐྱལ་ཐུབ་སོང་ན་དེ་ནས་ལས་ཅི་ཞིག་བྱེད་དགོས་ཀྱང་འགྱོད་པའི་ཚིག་ནི་གཅིག་ཀྱང་མེད།
དཔྱིད་ཉི་རིང་མོ་ཞིག་ལ་ཀྱག་ཀྱོག་གི་རི་ལམ་སྟེང་དུ་ཁེར་རྐྱང་གི་ཤུགས་གླུ་བར་མེད་འབྱིན། སེམས་གསོ་དང་སྙིང་རྗེ་མེད་པར་སྡིག་དམོད་དང་གཤེ་གཤེ་ལན་མང་བྱས་མཐར་རང་ལུས་རང་ལ་མ་དབང་བར་གཞན་འོག་ཏུ་ཚུད། འགྲུལ་བཞུད་ཀྱི་ལམ་ཁར་བཀྲེས་སྐོམ་གྱིས་གདུང་དུས་མུ་མཐའ་བྲལ་ཞིང་རྟེན་གཞི་མེད་པའི་ངོགས་སུ་ཡང་ཡང་ཕྱིན། སླར་ཡང་མཇལ་བར་སྨོན།།
༼ གངས་ཚ་འཇོམས། ༽