国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞིང་གི་བསྟན་བཅོས་སོ་ནམ་རྒན་པའི་ལག་རྗེས་ཀྱི་ཚན་པ་མཐོ་སྒང་ཡུལ་དུ་

ལོ་ཏོག་དེ་དག་ནི་སྐྱེ་ཚད་མཐུག་པོ་མ་ཡིན་པས་ས་ངོས་སུ་བར་སྟོང་མང་ལ་ཡུར་མ་ཐེངས་མང་པོ་བརྒྱག་དགོས་པའི་ལོ་ཏོག་གི་རིགས་ཡིན་སྟབས་སྟོན་ཐོག་ལེན་རྗེས་ཀྱི་ཞིང་ས་ལ་རྩྭ་ལྡུམ་ཉུང་ཞིང་ས་རྒྱུ་གཤིན་ཚད་དམ་གཤིན་ཤུགས་བཟང་བ་ཡིན། འོན་ཀྱང་ལོ་སྔོན་མར་བཏབ་པ་མ་རྨོས་ལོ་ཏོག་ལྟ་བུ་ཡུ་བ་རིང་བོའི་ལོ་ཏོག་ཡིན་ན་དེས་ཆུ་མང་པོ་བཏུངས་པས་ཞིང་གི་རླན་གཤེར་མི་འདང་བ་བྱས་ཟིན་སྟབས། ལོ་ཕྱི་མར་གལ་ཏེ་ཐན་པའི་སྐབས་དང་འཕྲད་ན་ནས་ཀྱི་ཡོང་འབྱུང་འགྲིབ་སྲིད་དོ། ། གཉིས་ནི་ཞིང་ས་ཁོད་སྙོམ་པ་སྟེ། ལོ་ཏོག་སྔ་མ་དབྱར་གཞུང་དུ་ལེན་ཆོག་པའི་རིགས་ཡིན་ན་ལེན་མ་ཐག་ཏུ་གཏིང་ཟབ་པོར་རྨོས་ནས་སྤོ་ཐོ་མ་བརྡུང་པར་ཉི་མར་བསྲོ་དགོས།( རང་རེའི་ཡུལ་དུ་དབྱར་སློག་སྦོལ་པའང་དེ་དང་འདྲ་བར་སྣང་ )ལོ་ཏོག་སྔ་མ་སྟོན་དུས་སུ་རྔ་ལེན་བྱེད་དགོས་པ་ཡིན་ན་ཡང་ལེན་མ་ཐག་ཏུ་གཏིང་ཟབ་པོར་རྨོས་ཏེ་ཞིང་ས་ལ་སོ་ནམ་བྱེད་དགོས་ཤིང་། སོ་ནམ་བྱེད་སྟངས་ལ་གཙོ་བོ་སྔ་བ་དང་། ཟབ་པ། མང་པ། ཞིབ་ཆ་བཅས་རྩ་དོན་དུ་བཟུང་ནས་ཞིང་ས་ལྷོད་འཇམ་ཞིབ་འབོལ་ཅན་དང་། སྟེང་ས་སོབ་པོ་འོག་གཞི་ཚགས་དམ་པོ་ཅན་དུ་བསྒྱུར་དགོས། ལོ་ཕྱི་མའི་དཔྱིད་ཀ་སླེབས་རྗེས་ནམ་ཟླ་སྐམ་ཤས་ཆེ་བའི་ས་ཆ་ལ་ལོ་སྔོན་མའི་ཞིང་ས་སོ་ནམ་གྱི་མུ་མཐུད་ནས་དུས་ཐོག་ཏུ་ཤལ་བས་བཤལ་བ་སོགས་ཀྱིས་སྤོ་ཐོ་དཀྲུམ་པ་དང་རླན་བཞའ་སྲུང་བ་བྱེད་དགོས་ཤིང་། དཔྱིད་འགོར་ཁ་བ་ཆེ་ས་ལ་འཁེངས་པའི་སྐབས་སུ་ཤ་ལས་ཁ་བ་བཤལ་ན་མགྱོགས་པོ་ཞུ་སྟེ་ས་བོན་དུས་ཐོག་ཏུ་འདེབས་ཐུབ་པ་ལ་ཕན་ཐོགས་ཡོད། སྒང་ཞིང་སྐམ་ཤས་ཆེ་ས་ལ་ཞིང་ས་གླེབ་གནོན་ཡང་ཡང་བྱས་ན་ས་བོན་དུས་ལྟར་སྔ་འདེབས་བྱེད་ཐུབ་པ་དང་། ས་བོན་བཏབ་པའི་སྤུས་ཀ་ཇེ་བཟང་ལ་འགྲོ་བ། གྲངས་མང་ཞིང་གྲལ་མཉམ་ལ་སྟོབས་ཆེ་བའི་མྱུ་གུ་འབུས་པ། གདིང་ཟབ་ཅིང་ས་ཞིབ་ལ་ངོས་སྙོམས་པ་འོག་དམ་པའི་ཞིང་སའི་མཐུན་རྐྱེན་བསྐྲུན་པ། ཞིང་གི་རླན་བཞའ་འཕར་བ་སོགས་ལ་ཕན་སྟབས་བྱེད་འོས་སོ།།

གསུམ་ནི་ས་བོན་ཡག་པོ་གྲ་སྒྲིག་བྱེད་དགོས་པ་སྟེ། ཐོག་མར་ས་བོན་མྱུ་གུ་འབུས་ཕྱོད་ཆེ་བ་དང་། མྱུ་གུ་འབུ་སྟོབས་ཆེ་བ། ནད་དང་འབུའི་གནོད་པ་མ་ཐེབས་པ། རྫས་གཞན་གྱིས་མ་ལྷད་པའི་གཙང་མ། འབྲུ་ཤ་རྒྱགས་པ། གྲལ་འགྲིག་པོ་བཅས་གདམ་དགོས། ཁྱད་ཆོས་དེ་དག་ལྡན་པའི་ས་བོན་བཏབ་ན་ལྗང་བུ་འབུ་མགྱོགས་པ་དང་། ལྗང་བུ་གྲལ་མཉམ་པ། རྩད་པར་མ་ལག་མང་པོ་རྒྱས་པ། ལྗང་བུའི་འདབ་མ་ཆེ་ཞིང་ཚོ་བ། མྱུག་གྱེས་པ་སྦོམ་ཞིང་སྟོབས་ལྡན་པ་སོགས་ཀྱི་ཡོན་ཏན་འབྱུང་ཞིང་ལྗང་བུ་སྟོབས་ཆེན་པོ་སྐྱེད་སྲིང་བྱེད་པ་ལ་ཕན་ཐོགས་ཡོད། དེ་ལྟ་བུའི་ས་བོན་བདམས་རྗེས་ཉི་མར་བཏིང་ནས་བསྲོ་དགོས་པ་སྟེ། ས་བོན་ཉི་མར་བཏིང་ནས་བསྐམས་ན་ས་བོན་གྱི་སྐྱེ་སྟོབས་མགྱོགས་པར་རྫོགས་མཐར་ཕྱིན་པ་དང་། སོན་ལྤགས་འབིགས་བདེ་མོར་གྱུར་པ། ས་བོན་གྱི་གསོན་ཤུགས་རྒྱས་ཏེ་མྱུ་གུ་འབུས་ཕྱོད་དང་མྱུ་གུ་འབུས་ཚུལ་གཉིས་ཀ་ཇེ་མཐོར་འགྲོ་བ། སོན་ངོས་ཀྱི་ནད་སྲིན་གཞོམ་པ། ས་བོན་ཁྲོད་ཀྱི་གནོད་པ་ཡོད་པའི་འབུ་ཤི་པའམ་སྐྲོད་པ། མྱུ་གུ་འབུ་མགྱོགས་པ། འབུས་པའི་ལྗང་མྱུག་སྟོབས་ཆེ་ཞིང་ནད་མེད་པ་སོགས་ཀྱི་ཕན་ཐོགས་འབྱུང་བ་སྟེ། དཔེར་ན་ཉི་མར་བསྲོས་པའི་ས་བོན་ལ་མྱུ་གུ་འབུས་ཕྱོད་མ་བསྲོ་བ་ལས་བརྒྱ་ཆ་ལྔ་ནས་བཅུ་ཡར་འཕར་ཐུབ་པ་ལྟ་བུ། དེ་ནས་ས་བོན་མ་འདེབས་པའི་སྔོན་ལ་ལུགས་དང་མཐུན་པས་ནད་དང་འབུའི་གནོད་པ་འགོག་བྱེད་ཀྱི་ཞིང་སྨན་བསྲེ་དགོས་ཤིང་གལ་ཏེ་སྨན་ཕྱེ་སྐམ་པོ་བསྲེས་ན་ས་བོན་ངེས་པར་དུ་སྐམ་པོ་བྱེད་དགོས། ལས་ཀའི་སྔ་ཕྱི་གོ་རིམ་ཡོངས་སུ་སྨན་གྱི་གནོད་པ་གཞན་མི་འབྱུང་བ་བྱེད་དགོས་སོ།། བཞི་ནི་ས་བོན་དུས་དང་བསྟུན་པས་འདེབས་སྔ་དགོས། འདེབས་ཚེ་དུས་ཐོག་ཏུ་འཁེལ་པ་ནི་ས་བོན་ཚང་མ་ལ་ལྗང་བུ་སྐྱེ་ཐུབ་མི་ཐུབ་དང་སྐྱེས་པའི་ལྗང་བུ་སྟོབས་ཆེ་མི་ཆེ་སོགས་ཀྱི་འགག་རྩ་ཞིག་སྟེ། དུས་ཐོག་ཏུ་ཏག་ཏག་འཁེལ་ན་ནས་བོངས་བཟང་པོ་སྐྱེ་བ་དང་སོག་མ་སྦོམ་ཞིང་སྙེ་མ་ཆེན་པོ་སྐྱེ་བ་དག་ལ་ཕན་ཐོགས་ཆེ་ཞིང་། དེ་ནི་ནས་ལོ་ལེགས་ཡོང་བའི་ཐབས་ཤེས་གལ་ཆེན་པོ་ཞིག་ཡིན། ས་བོན་དུས་ཐོག་ཏུ་བཏབ་པས་ནི། ས་བོན་བཏབ་པ་ནས་ལྗང་བུ་འབུ་པའི་བར་གྱི་དུས་ཚོད་ཇེ་རིང་དུ་བསྲིངས་པ་དང་། སོན་གྱི་སྦྲུམ་རྩད་སྦྲུམ་མྱུག་ཤུབས་ལས་སྐྱེ་མགྱོགས་པར་འགྱུར་ཞིང་རྩད་པ་མང་པོ་དང་རིང་པོ་སྐྱེ་པ། ཐན་པའི་གནོད་པ་ཟློག་པའི་ནུས་པ་དང་ལུད་སྡུད་ལེན་བྱེད་པའི་ནུས་པ་འཕར་བ་བཅས་ལ་ཕན་ཐོགས་འབྱུང་པ་དང་། ལྗང་བུ་སྐྱེས་པ་ནས་ཚིགས་ཆགས་པའི་བར་གྱི་དུས་ཚོད་ཇེ་རིང་དུ་གཏང་ཞིང་མྱུག་གྱེས་ཇེ་མང་དང་སྙེ་མ་འབུས་ཕྱོད་ཇེ་མཐོར་འགྲོ་བ་ལ་ཕན་ཐོགས་འབྱུང་བ་དང་། མྱུག་གྱེས་པ་ནས་སྙེ་མ་ཐོན་པའི་བར་གྱི་དུས་ཚོད་ཕྱི་འདེབས་ལས་ཡུན་རིང་ཞིང་སྙེ་མགོ་འབུ་པའི་དུས་ཡུན་ནམ་སྙེ་ཕྲན་ཆགས་པའི་དུས་ཡུན་(ཡུ་བ་ལས་སྙེ་མ་གསར་པ་སྐྱེ་པའི་རྒྱུད་རིམ་གྱི་དུས་ཡུན )རིང་པོར་གྱུར་ཏེ་སྙེ་མ་ཆེན་པོར་ཆགས་པ་དང་སྙེ་མགོ་སྨིན་པའི་དུས་ཚོད་ཇེ་སྔ་རུ་འགྱུར་པ། ཚ་བས་གནོད་པའི་ཉེན་ཁ་ཇེ་ཆུང་དུ་འགྲོ་བ་སོགས་ཀྱི་ཕན་ཐོགས་འབྱུང་པ་ཡིན། ས་བོན་འདེབས་འཕྱིས་པའི་ནས་ལ་རྩད་པ་ཉུང་ཞིང་ཐུང་བ་དང་། མྱུག་གྱེས་ཉུང་བ། སྙེ་མ་ལོང་བ་དང་ཆུང་བར་འགྱུར་པ། ཡོང་འབྱུང་དམའ་བ་སོགས་ཀྱི་ཞན་འབྱུང་ལ། འདེབས་སྔ་དྲགས་པ་ལ་འདེབས་སྤུས་ཞན་པ་དང་། ལྗང་བུ་འབུས་ཕྱོད་དམའ་བ། ཡོང་འབྱུང་ཉུང་བ་བཅས་སུ་འགྱུར་ཉེན་ཡོད་དོ།།

ལྔ་ནི་བོངས་སྲབ་སྟུག་གནས་ལུགས་དང་མཐུན་པ་བྱེད་དགོས། ནས་ཀྱི་བོངས་སྲབ་སྟུག་སྟེ་སོག་མའི་སྡོང་རྐང་མང་ཉུང་གི་རྨང་གཞི་ནི་ས་བོན་སྲབ་སྟུག་རན་པོ་བཏབ་པ་ཡིན་ལ། ས་བོན་སྲབ་སྟུག་རན་པོ་ཞེས་པ་ནི། རྩ་བའི་ལྗང་བུ་སྟེ་ཚད་གཞི་རྒྱ་ཁྱོན་དུ་སྐྱེ་པའི་ལོ་ཏོག་གི་བསྡོམས་པས་སྡོང་བུ་ཁ་གྲངས་དང་། སྟོང་འབྲུའི་ལྗིད་ཅེས་ནས་རྡོག་སྟོང་ཕྲག་གཅིག་གི་ལྗིད་ཚད་ཁེ་ཁ་གྲངས། མྱུ་གུ་འབུས་ཕྱོད་ཅེས་མྱུ་གུ་འབུས་པའམ་མཆུ་འབུ་བརྐྱངས་པའི་ས་བོན་གྱིས་བཏབ་པའི་ས་བོན་སྤྱིའི་བརྒྱ་ཆ་ག་ཚད་ཟིན་ཡོད་པའི་ཁ་གྲངས། ཞིང་གི་ལྗང་བུ་འབུས་ཕྱོད་ཅེས་ས་ངོས་སུ་བུད་པའི་ལྗང་བུ་རྐང་གྲངས་ཀྱིས་བཏབ་པའི་སོན་འབྲུ་སྤྱི་ཡི་བརྒྱ་ཆ་ག་ཚད་ཟིན་ཡོད་པའི་ཁ་གྲངས་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་གཏན་འཁེལ་བྱེད་དགོས། སྟོང་འབྲུའི་ལྗིད་ནི་ནས་རིགས་མི་འདྲ་བ་དང་ས་བོན་གྱི་འབྲུ་ཤ་རྒྱགས་ཆེ་ཆུང་མི་འདྲ་བའི་དབང་གིས་ཁྱད་པར་ཆེན་པོ་ཡོད་པས་ས་བོན་སྟོང་ཁེ་གཅིག་ལ་ནས་འབྲུ་མང་ཉུང་གི་ཁྱད་པར་ཆེན་པོ་ཡོད། ད་དུང་ནས་ཀྱི་མྱུ་གུ་འབུས་ཕྱོད་མི་འདྲ་བ་དང་། ས་བོན་འདེབས་སྟངས་ཀྱི་སྤུས་ཀ་མི་འདྲ་བ། ཞིང་སར་གནོད་འབུ་མང་ཉུང་ལ་སོགས་པའི་རྒྱུ་རྐྱེན་གྱིས་ལྗང་བུ་འབུས་མང་ཉུང་ལ་ཤུགས་རྐྱེན་འདོན། ས་བོན་སྲབ་སྟུག་ནི་རྒྱུ་རྐྱེན་དེ་དག་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ནས་ཐག་གཅད་དགོས། རྒྱུན་དུ་ཞིང་ནང་གི་ལྗང་བུ་འབུས་ཕྱོད་ལ་བརྒྱ་ཆ་བརྒྱད་ཅུ་གྱ་ལྔ་ཡིས་ཚད་གཞི་བྱས་ནས་རྩིས་རྒྱག་ན་དོན་དངོས་དང་ཅུང་མཐུན་པ་ཡིན། དེར་བརྟེན་ས་བོན་སྲབ་སྟུག་ནི། མུའུ་རེར་འདེབས་པའི་ས་བོན་ཚད=(མུའུ་རེར་འཆར་གཞིའི་རྩ་བའི་ལྗང་བུའི་སྡོང་གྲངས་[ཁྲི]×སྟོང་འབྲུའི་ལྗིད )/( ༡༠༠༠×༡༠༠༠×མྱུ་གུ་འབུས་ཕྱོད×ཞིང་དུ་ལྗང་བུ་འབུས་ཕྱོད )ཅེས་པའི་སྤྱི་འགྲོས་འདི་ལྟར་རྩིས་རྒྱག་ཆོག། གཞན་ད་དུང་འོག་གི་རྒྱུ་རྐྱེན་གསུམ་ལའང་བསམ་བློ་གཏང་དགོས་པ་སྟེ། ས་སྣག་གཤིན་ཤུགས་ཆེ་དྲགས་པར་གལ་ཏེ་ས་བོན་འདེབས་ཚད་མང་སོང་ན་རྒྱུན་དུ་བོངས་མཐུག་པོར་སྐྱེས་དྲགས་ཏེ་ལོ་ཏོག་གི་བར་གསེང་དུ་རླུང་དང་འོད་ལེགས་པར་རྒྱུ་མི་ཐུབ་པས་མཐར་ནས་སོག་ཉལ་ནས་ཡོང་འབབ་ཇེ་ཉུང་དུ་འགྲོ་བ་དང་། ཐན་པ་ཡོད་ས་དང་ས་གཏིང་ཟབ་པོ་མེད་པ་སོགས་ཞིང་གི་གཤིན་ཤུགས་ཞན་སར་ས་བོན་མཐུག་དྲགས་ན་སོག་མ་ཡར་སྐྱེ་མི་ཐུབ་པས་ཡོང་འབབ་ཇེ་ཉུང་དུ་འགྲོ་སྲིད་པ་དང་གཅིག། གདབ་བྱའི་ནས་ཀྱི་ས་བོན་རིགས་གཅིག་ལ་མཚོན་ན་སྤྱིར་བཏང་སྔ་འདེབས་བྱས་པས་མྱུག་གྱེས་པ་དང་སྙེ་མ་ཐོན་ཕྱོད་གཉིས་ཀ་མཐོ་པས་ས་བོན་ཅུང་སྲབ་འོས་ཤིང་། ཕྱི་འདེབས་བྱས་པ་ལ་མྱུག་གྱེས་པ་དང་སྙེ་མ་ཐོན་ཕྱོད་གཉིས་ཀ་དམའ་བས་ས་བོན་ཅུང་མཐུག་པོར་གདབ་དགོས་པ་དང་གཉིས། ནས་སྨིན་སྔ་བའི་རིགས་དང་སྙེ་མ་ཐོན་ཕྱོད་དམའ་བའི་རིགས་དག་ལ་ས་བོན་ཅུང་མཐུག་དགོས་ཤིང་སྨིན་འཕྱི་བའི་རིགས་དང་སྙེ་མ་ཐོན་ཕྱོད་མཐོ་བའི་རིགས་དག་ལ་ས་བོན་ཅུང་སྲབ་དགོས་པ་དང་གསུམ་མོ།།

དྲུག་ནི་ལུད་བཀྲམ་པ་གནས་ལུགས་དང་མཐུན་དགོས་པ་སྟེ། ལུད་ཀྱི་ཆ་རྐྱེན་དང་བསྟུན་ནས་རྫས་འགྱུར་ལུད་ཀྱི་ཚབ་ཏུ་སྐྱེ་ལྡན་ལུས་དགྲམ་པ་སྟེ། གཤིན་ཤུགས་ཆེ་འབྲིང་ཆུང་སོ་སོའི་ཞིང་སར་རིམ་བཞིན་རྫས་འགྱུར་ལུད་བརྒྱ་ཆ་ལྔ་བཅུ་དང་། བརྒྱ་ཆ་སུམ་ཅུ། བརྒྱ་ཆ་བཅུ་བཅས་ཀྱི་ཚབ་ཏུ་NY525ཡི་གཏན་འབེབས་ཚད་གཞི་དང་མཐུན་པའི་སྐྱེ་ལྡན་ལུད་དགྲམ་ཆོག། ལུད་འགྲེམས་སྟངས་ཆེས་བཟང་བ་ནི་ཐེངས་གཅིག་གིས་འོག་ལུད་ཏུ་སྐྱེ་ལྡན་ལུད་འདང་ཤག་ཤག་བཀྲམ་པ་དེ་ཡིན་གྱི་རྗེས་སུ་ལྗང་བུར་ལུད་ཁ་གསབ་བྱེད་པས་ནས་ཕྱི་འཕྲོས་རྒྱག་པ་ཞེས་སྨིན་རན་ཁར་ད་དུང་སོག་འདབ་སྔོན་པོ་མུ་མཐུད་དེ་རྒྱས་ནས་སྨིན་འགྱངས་པ་དང་ས་ལ་ཉལ་བའི་གནས་ཚུལ་འབྱུང་སྲིད།

དེ་བས་ཐེངས་གཅིག་གིས་འོག་ལུད་འདང་ཤག་ཤག་བཀྲམ་སྟེ་ཁ་གསབ་མི་དགོས་བྱེད་འོས། དགོས་མཁོ་ཆེ་བ་མཐོང་ན་ལྗང་བུ་ལ་ཆུ་ཐེངས་དང་པོ་བཅུས་པའི་སྐབས་དང་བསྟུན་ནས་ཏན་ལུད་ཅུང་ཁ་གསབ་བྱེད་ཆོག་ཅིང་མང་ཉུང་ལ་ཏན་ལུད་རྣལ་མ་༢༢.༥-༣༧.༥㎏/h㎡ཙམ་གྱིས་རན་པ་ཡིན། གལ་ཏེ་སོག་འདབ་སྐྱེ་ཡུན་གྱི་བར་སྨད་ལ་ཏན་ལུད་བཀྲམ་མང་སོང་ན་ལོ་ཏོག་སྨིན་འགྱངས་པ་དང་ས་ལ་ཉལ་བའི་ཉེན་ཁ་ཡོད། དེ་བས་འོག་ལུད་འདང་ཞིང་གསབ་ལུད་སྔ་དགོས་པ་ནི་ལུད་འགྲེམས་སྟངས་ཀྱི་རྩ་དོན་ཞིག་ཡིན་ནོ།།

བདུན་པ་ནི་ཆུ་གནས་ལུགས་མཐུན་པར་བཅུས་དགོས། ནས་ལ་མྱུག་གྱེས་སྔ་བ་དང་སྙེ་མགོ་འབུ་སྔ་བའི་ཁྱད་ཆོས་ཡོད་པ་ལ་གཞིར་བཟུང་ཏེ་ལྗང་ཆུ་ཐེངས་དང་པོ་དུས་ཐོག་ཏུ་བཅུས་ན་མྱུག་གྱེས་པ་དང་སྙེ་མ་སྐྱེ་པ། སྙེ་མར་ནས་འབྲུ་མང་པོ་ཆགས་པ་རྣམས་ལ་སྐུལ་འདེད་བྱེད་ཐུབ་པས་ཆ་རྐྱེན་ཡོད་སར་སོག་མར་ལོ་འདབ་གཉིས་དང་གསུམ་གྱེས་པའི་བར་ན་ལྗང་ཆུ་ཐེངས་དང་པོ་དང་གཉིས་པ་བཅུས་འོས། སྙེ་མ་མིག་བླུགས་དུས་སུ་ཆུ་བཅུས་ན་ཆུས་ཞིང་གི་གཤིན་ཤུགས་སྤེལ་ཏེ་ནས་ཀྱི་སྐྱེ་སྟོབས་ཤིན་ཏུ་ཆེ་བའི་སྐབས་ཀྱི་རླངས་འགྱུར་ལ་དགོས་པའི་དགོས་མཁོ་དང་ཡོང་འབབ་ཆེན་པོ་འབྱུང་བ་ལ་དགོས་པའི་དགོས་མཁོ་རྣམས་བསྐང་ཐུབ། ནས་སྙེ་མ་མིག་བླུགས་པའི་སྐབས་སུ་དགོས་པའི་ཆུ་ནི་སྐྱེ་རིམ་ཡོངས་རྫོགས་སུ་དགོས་པའི་ཆུའི་སུམ་ཆའི་གཉིས་ཡན་ཟིན་པས་སྙེ་མ་མིག་བླུགས་ཀྱི་ཆུ་དུས་ཐོག་ཏུ་བཅུས་ན་ཡོང་འབྱུང་མཐོན་པོ་འབྱུང་བ་ལ་ཕན་ཐོགས་ཆེན་པོ་ཡོད། སྙེ་ཆུ་དུས་ནམ་ལ་བཅུས་པ་དང་འོར་མ་དུ་བཅུས་པ་ནི་ས་ཆ་དེའི་ཆུ་བེད་ཀྱི་ཆ་རྐྱེན་དང་། ས་རྒྱུ། རླན་བཞའ་སོགས་ཀྱི་གནས་ཚུལ་དང་བསྟུན་ནས་གཏན་འཁེལ་བྱེད་དགོས། ཆུ་བེད་ཆ་རྐྱེན་བཟང་ཞིང་ཞིང་སའི་རླན་བཞའ་སྲུང་བའི་ནུས་པ་ཞན་སར་སྙེ་མ་མིག་བླུགས་པའི་དུས་སྨད་དུ་སླར་ཡང་ཆུ་ཐེངས་གཅིག་བཅུས་ཆོག། ཆུ་ཐེངས་གཅིག་བཅུས་པའི་ཆ་རྐྱེན་མ་གཏོགས་མེད་ས་ལ་སྙེ་མ་མིག་བླུགས་པའི་དུས་འགོར་བཅུས་ན་རབ་པ་སྟེ། མིག་བླུགས་པའི་བར་སྐབས་དང་སྨད་དུས་ཀྱི་ཆུ་ཡི་དགོས་མཁོ་ཁག་ཐེག་བྱེད་པ་ལའང་ཕན་པ་ཡིན་ནོ།།

བརྒྱད་ནི་ནད་དང་འབུ་དང་རྩྭ་ལྡུམ་བཅས་ཀྱི་གནོད་པ་སྔོན་འགོག་བྱེད་དགོས་པ་སྟེ། དེ་ལ་ས་བོན་སྐབས་སུ་སྨན་རྫས་གནས་ལུགས་དང་མཐུན་པར་གཏང་པ་སྟེ། ནས་ཀྱི་ས་བོན་ལ་བརྒྱ་ཆ་གསུམ་གྱི་ཏི་ཝེ་ཏན(敌委丹)ས་བོན་མང་ཉུང་གི་བརྒྱ་ཆ་ཐིག་ཚེག་གཉིས་ལྟར་བསྲེས་ན་འདབ་མ་ལ་ཁྲ་ཐིག་ཆགས་པ་དང་། རྩད་པ་རུལ་བ། ལོ་མ་ལ་ནག་ཐིག་ཆགས་པ་སོགས་ཀྱི་ནད་ཇེ་ཉུང་དུ་གཏང་ཐུབ། རྩྭ་དང་ལྡུམ་བུས་ནས་ལ་དགོས་པའི་ཆུ་དང་བཅུད་རྣམས་འཕྲོག་སྟེ་ནས་སྐྱེ་པ་ལ་བཀག་འགོག་བྱེད་པ་དང་། ནས་རྔ་བར་དཀའ་ལས་སྟེར་པ། ནད་དང་འབུའི་གནོད་པའི་འབྱུང་ཁུངས་སུ་འགྱུར་པ་སོགས་ཀྱི་གནོད་པ་འབྱུང་། རྩྭ་ལྡུམ་གྱི་གནོད་པ་འགོག་པ་ལ་མི་དང་འཕྲུལ་ཆས་ཀྱིས་བལ་བ་ལས་གཞན་ད་དུང་དཔེར་ན་ལོ་ཏོག་རིགས་མི་འདྲ་བ་བརྗེ་རེས་བྱེད་ནས་གདབ་པ་དང་། རྨོད་སྟངས་བཟང་པོ་བྱེད་པ། ས་བོན་གཙང་མར་བྱེད་པ། ལམ་འགྲམ་དང་ཞིང་གི་ཉེ་ཁོར་རྣམས་ཀྱི་རྩྭ་ལྡུམ་མེད་པར་གཏང་བ། ཆུ་ལམ་དུ་རྩྭ་ལྡུམ་དང་རྩྭ་ལྡུམ་གྱི་ས་བོན་གཙང་མར་སེལ་བ་ལྟ་བུ་སོགས་ཕྱོགས་བསྡུས་ཀྱི་སྔོན་འགོག་བྱེད་དགོས།

( མུ་འགོད།)