国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ངའི་ཕ་ཡུལ་ཁྲོ་ལྗོངས་ ལུང་པ།

སྤང་མེ་ཏོག་མཛེས་པས་མཐོང་རྒྱ་བསྐྱེད་སོང་། །

ཆབ་ཆུ་བོའི་མགྲིན་དབྱངས་རྣ་བར་སྙན་སོང་། །

གནས་སུམ་རྩེན་རི༷་ཡི་ཐང༷་གཞུང་དེ་ན། །

འབྲོག་ཕ་ཁྱིམ་ཕྱུགས་ཟོག་གཡང་གིས་བསྲུངས་ཡོད། །

ལྷད་མ་འདྲེས་རང་བྱུང་སྐྱེད་ཚལ་ཉམས་དགའ། །

སྤང་གཡུ་གཞུང་མེ་ཏོག་འཛུམ་གྱིས་གྲོལ་དུས། །

ལག་མཐུན་སྦྲེལ་ཨ་ལུང་མདུད་པས་བསྣོལ་བའི། །

དེང་གསར་བུ་གསར་མོའི་རྩེ་དགོད་ལྷང་ལྷང་། །

འབངས་སྤྱི་ཚོགས་འཚོ་བའི་བདེ་སྐྱིད་གཞུག་དགོས། །

ནང་བྱམས་བརྩེའི་ཆུ་རྒྱུན་དྭངས་མོ་ཡིན་དགོས། །

ཕ་མེས་པོའི་མཛད་འཕྲིན་ཡང་ནས་བསྒྲེང་དགོས། །

དེང་སྤྱི་ཚོགས་གསར་པའི་འགྲོ་སྟངས་ཤེས་དགོས། །

ཚིག་སྡེབ་ལེགས་དཀྱིལ་གྱི་སྙན་པ་མཐའ་དག །

ངག་མགྲིན་པའི་དབྱངས་ལ་ལན་ཅིག་འཁྲུངས་པས། །

མ་འཇོ་སྒེག་བུ་མོའི་ལང་ཚོ་མཛེས་པ། །

ཡིད་དྲན་ཤེས་ཡངས་མོའི་ཀློང་དུ་སྦས་ཡོད། །

ངའི་ཕ་ཡུལ་ཁྲོ་ལྗོངས་མདོ་སྨད་ལུང་པར། །

ནང་ཤེས་པའི་མེ་ཏོག་འཛུམ་གྱིས་གྲོལ་བའི། །

མཁས་དཔྱོད་ལྡན་སྐར་མའི་གྲངས་ལ་མོད་པ། །

དཔྱིད་དཔལ་ཡོན་རྒྱས་དང་རྩེ་ཐང་ཕེབས་སོང་། །

ས་འདི་ན་མར་ཁུའི་མཚོ་མོ་འཁྱིལ་ཡོད། །

སྡེ་འདི་ན་རླུང་རྟའི་ཁ་གཡང་དར་ཡོད། །

ས་མདོ་སྨད་བཀྲ་ཤིས་དགའ་ཚལ་ཆོས་གླིང་། །

རྗེས་གྲུབ་པ་ཐོབ་པའི་སེམས་དཔའ་མང་ངོ་། །

གནས་བྱིན་ཆགས་མིག་གི་མཛེས་སྡུག་དངོས་མ། །

ས་སྒང་གཞུང་འཛིན་མའི་གཞུང་ལ་ཕེབས་དང་། །

ཡིད་དགའ་བདེའི་ཚོར་བས་སྐྱིད་སྐྱིད་གནང་ཆོག །

སྤང་མེ་ཏོག་ཁུག་ནས་གུང་སེང་གཏང་ཆོག །

གནས་འདི་ན་འཚོ་བའི་ལོ་ཏོག་སྨིན་ཡོད། །

རི་འདི་ན་བརྩེ་བའི་ས་བོན་བཏབ་ཡོད། །

དུས་སྐྱེ་བ་འདི་ཡི་གཏམ་རྒྱུད་སྣ་ཚོགས། །

ནང་ཚོར་བས་བརླན་ཏེ་རི་མོར་ངས་ཕབ། །

༼ ཁམས་ཟླ་སྲས། ༽