国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ང་ཡི་ཕ་ཡུལ། དྭངས་གཙང་གི་དཀར་མཛེས།

གངས་དཀར་པོའི་དབུ་འཕང་མཐོ་སའི་གནས་མཆོག །

ཆུ་སྣ་མང་མཉམ་གཅིག་འཛོམ་སའི་ཕ་ས། །

ཁམས་དཀར་མཛེས་མི་ཡུལ་མཛེས་སྡུག་མངོན་ཏེ། །

ཁྱེད་དགུང་གྲངས་དོན་ལྔ་ལོན་པའི་རྟེན་འབྲེལ། །

བྱ་ཁྲུང་ཁྲུང་དབུས་ནས་ཁམས་ལ་ཕེབས་སོང་། །

མཛེས་མེ་ཏོག་གཤོག་རྩལ་མཉམ་བཞད་འཕུར་སོང་། །

ཚོང་ལག་རྡོའི་ཇ་ལམ་དར་སའི་ཡུལ་ན། །

ནོར་རྟ་དྲེལ་ཇ་རྟའི་གནའ་ལམ་དར་སོང་། །

ཁམས་དར་མདོ་མཛའ་གཞས་དར་བའི་ཆོལ་ཁ། །

རྫོང་གྲོང་ཁྱེར་བཅོ་བརྒྱད་མཉམ་དུ་འཛོམས་ས། །

འབོ་གངས་དཀར་རི་བོ་ཡི་ཉེ་འདབས་དེ་ན། །

མ་དྲིན་ཆེན་དཀར་མཛེས་སྐྱེས་སྐར་བསུའོ། །

མ་དྲིན་ཆེན་གསོ་བའི་རི་ཆུ་དག་གིས། །

ངེད་ཞུམ་པ་མེད་པའི་སྙིང་སྟོབས་གནང་བ། །

སྔོ་གཅེས་པའི་ནགས་ཚལ་སྲ་བའི་བྲག་རྡོས། །

ངེད་མཐོང་རྒྱ་བསྐྱེད་ཅིང་ཐབས་ཕྱོགས་སྩོལ་བ། །

ཡང་མཛའ་གཞས་དབྱངས་སྙན་འཁྱིལ་བའི་དར་མདོར། །

ཁུལ་སྲིད་གཞུང་མཛད་འཕྲིན་རྒྱས་ནས་ཡོད་ཅིང་། །

ཆུ་རྒྱལ་མོའི་རྔུལ་ཆུའི་ལྕགས་ཟམ་ཁ་ལ། །

བུ་དཔའ་བོའི་སྙིང་སྟོབས་རྗེས་ཤུལ་མངོན་འདུག །

ཆུ་ཉག་ཆུ་མ་རེད་ནགས་ཆུ་རེད་ཟེར། །

ནགས་གསེར་རི་དངུལ་རི་རྒྱན་སའི་ཡུལ་ལུང་། །

བྱ་ཁྲུང་ཁྲུང་འཕུར་སའི་ལི་ཐང་ཕྱོགས་ལ། །

རྟ་ཅང་ཤེས་བང་རྩལ་འགྲན་པའི་ལྟད་མོ། །

གཞས་པི་ཝང་སྙན་སའི་འབའ་ཐང་ཡུལ་ལ། །

དབྱར་འབྲུ་དྲུག་སྟོན་གཉིས་བང་མཛོད་གང་སོང་། །

ཆུ་གསེར་ལྡན་འབྲི་ཆུ་འགྲམ་ངོགས་དེ་ན། །

ས་སྡེ་རོང་མི་གཤིས་བལ་ལས་འཇམ་སོང་། །

སྤྲིན་དཀར་པོ་མ་རེད་ཁང་དཀར་རེད་ཟེར། །

ཡུལ་ཕྱག་ཕྲེང་མེ་ཡི་ཐབ་ལྷ་བཞུགས་གནས།།

ས་ཉི་སྟེན་ཁ་བ་གངས་ཀྱིས་བརྒྱན་སོང་།།

ས་འདབ་པ་མི་ནི་བསོད་ནམས་ཆེ་སོང་། །

མེ་འབར་འབར་དྲོ་ས་བརྒྱད་ཟིལ་ཡུལ་ལ། །

ལུགས་འདྲ་མིན་མཆོད་སའི་དུས་སྟོན་འཛོམས་ས། །

ཁམས་སེར་ཤུལ་ཡུལ་གྱི་རི་ལུང་ཀུན་ན། །

རྡོ་ལག་རྩལ་མཁས་པའི་རི་མོ་སྣ་མང་། །

ས་སྡེ་དགེ་ཡུལ་ནི་ཇོ་རུའི་ཕ་ས། །

ཁམས་རིག་གནས་བང་མཛོད་གནས་དེར་མངོན་ཡོད། །

ཡུལ་གསེར་རྟར་གནམ་བདེ་ཕྱུག་མོ་གནས་ལ། །

འབྲོག་སྦྲ་གུར་འཚོ་བ་བདེ་ཞིང་སྐྱིད་སོང་། །

ཧོར་བྲག་མགོ་གསེར་ལྗོངས་གཡུ་ལྗོངས་མཛེས་སོང་། །

གཞས་ལ་གླུ་ས་སྟེང་ཀུན་ལ་སྙན་སོང་། །

ཁམས་དཔལ་ཡུལ་རོང་འབྲོག་འཚོ་སྡོད་ཡུལ་ལ། །

ལུས་ཉམས་སྟབས་མཁས་པའི་སྐོར་བྲོ་ཡག་བྱུང་། །

གནམ་ཨ་སྔོན་འདྲ་བའི་དཀར་མཛེས་ཕྱོགས་ལ། །

གླིང་གེ་སར་རྒྱལ་པོའི་ཕོ་བྲང་བཞེངས་ཡོད། །

ཁམས་ཉག་རོང་བཅུ་གསུམ་ལོ་སར་བསུ་མཁན། །

སྐྲ་ཕོན་སྐུད་དམར་པོ་དབུ་ལ་བརྒྱན་སོང་། །

ཡུལ་རོང་བྲག་རྫོང་གི་ས་ཕྱོགས་འདི་ལ། །

མོ་མཛེས་མ་མཁར་རྫོང་སྐར་ཚོགས་བཀྲམ་འདྲ། །

ཁམས་རྟའུ་བཀྲ་ཤིས་ལུང་པའི་ཕུ་ལ། །

ཁང་གྲུ་བཞི་ཤིང་བཟོ་ལག་རྩལ་དར་སོང་། །

ཁམས་དཀར་མཛེས་རྫོང་དང་གྲོང་ཁྱེར་ཁག་ལ། །

ཡང་སྲིད་འབྱོར་རིག་གསུམ་མེ་ཏོག་བཞད་སོང་། །

སྟོན་འབྲས་ལྡན་བྱུང་བའི་རྟེན་འབྲེལ་འདི་ནི། །

ཁམས་དཀར་མཛེས་འཕེལ་རྒྱས་རྟེན་འབྲེལ་ལོས་ཡིན། །

གངས་དཀར་པོའི་དབུ་འཕང་དགུང་དང་མཉམ་སོང་། །

རྫོང་སོ་སོའི་འཕེལ་རྒྱས་དབྱར་མཚོ་རྒྱས་བཞིན། །

ཐང་བདེ་མོ་སྤང་གི་མེ་ཏོག་མཛེས་སོང་། །

ཁམས་དཀར་མཛེས་མི་སེར་བདེ་སྐྱིད་སྤྲོ་སོང་། །

༼ འབའ་ར་འབྱུང་ཆོས། ༽