འགྲོ་བ་མི་ནི་ཁོར་ཡུག་གི་ཐོན་རྫས་ཡིན། འཇིག་རྟེན་ཁམས་མེད་པ་དང་འཚོ་བརྟེན་གྱི་རང་བྱུང་ཁོར་ཡུག་དེ་མེད་ན་འགྲོ་བ་མི་འཚོ་མི་ཐུབ་པས་མིས་རང་བྱུང་ཁོར་ཡུག་བཀོལ་སྤྱོད་དང་བསྒྱུར་བཀོད་བྱེད་བཞིན་ཡོད། འོན་ཀྱང་འགྲོ་བ་མིས་དཔལ་འབྱོར་བྱེད་སྒོ་དང་རང་བྱུང་བསྒྱུར་བཀོད་ཀྱི་བྱེད་སྒོའི་ནང་ངེས་པར་དུ་དབྱེ་མཚམས་གཉིས་ལས་བརྒལ་མི་རུང་སྟེ། དང་པོ། རང་བྱུང་ཁམས་ནས་བཏོན་པའི་ཐོན་ཁུངས་དེ་རང་བྱུང་ཁམས་ཀྱི་ཡང་བསྐྱར་སྐྱེ་འཕེལ་ནུས་པ་ལས་བརྒལ་མི་རུང་བ་དང་། གཉིས་པ། ཁོར་ཡུག་གི་སྦགས་བཙོག་དེ་ཁོར་ཡུག་བཙོག་སེལ་གྱི་ཚད་ལས་བརྒལ་མི་རུང་། འགྲོ་བ་མིའི་བྱེད་སྒོ་ལས་ཁོར་ཡུག་ལ་བཟོས་པའི་གནོད་འཚེའི་མཇུག་འབྲས་མི་འདྲ་སྟེ། སྤྱིར་བཏང་དུ་ཁོར་ཡུག་སྦགས་བཙོག་དང་ཁོར་ཡུག་གཏོར་བརླག་གཉིས་སུ་ཕྱེ་ཡོད། ཉེ་བའི་ལོ་ལ་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་ཁོར་ཡུག་གི་འགལ་ཟླ་ཡང་མངོན་གསལ་དོད་དུ་ཕྱིན་ཏེ་འགྲོ་བ་མི་འཚོ་སྡོད་ཀྱི་ཁམས་འདིར་འཇིགས་སྐུལ་དྲག་པོ་ཐེབས་བཞིན་ཡོད་པ་སྟེ། དཔེར་ན། རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཕོག་པའི་རྐྱེན་གྱིས་ཆུ་ལོག་རྒྱུག་པ་དང་རི་ཉིལ་བ། གནམ་གཤིས་དྲོ་གྲང་མི་སྙོམས་པར་འགྱུར་བ། སད་དང་སེར་བ་བབས་པ་སོགས་ཀྱི་ཉེན་ཁ་ཐོན་སྲིད་ལ་གལ་སྲིད་ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཆེན་མི་བྱེད་པར་གཏོར་བརླག་གཏོང་གང་ཐུབ་བྱས་པ་ཡིན་ན། ཕྱིས་སུ་ང་ཚོའི་བུ་རབས་ཚ་རྒྱུད་ཚོར་བཀོལ་སྤྱོད་ཐོན་ཁུངས་ཀྱང་ཤིན་ཏུ་དཀོན་པར་འགྱུར་རྒྱུ་ནི་ཐེ་ཚོམ་མེད་དོ།།( རྩོམ་སྒྲིག་པས་བསྡུས།)