གནམ་གཤིས་ཇེ་དྲོར་སོང་བ་དང་བསྟུན་ནས་གསེར་རྟ་རྫོང་ཉི་ན་ཐང་འདམ་ར་རུ་དུས་བྱ་མང་པོ་གནས་སྤོ་བའི་དུས་ཚིགས་སུ་སླེབས་ཡོད། དུས་བྱའི་ཁྱུ་གཅིག་རྗེས་གཉིས་མཐུད་ངང་གསོན་ཤུགས་རྒྱས་པའི་ས་ཆ་དེ་གར་བབས་ནས་འདམ་རར་སྔར་མེད་ཀྱི་གསོན་ཉམས་བསྣན། དུས་བྱ་དེ་ཚོའི་ཁྲོད་དུ་མི་རྣམས་ཀྱིས་དོ་སྣང་ཆེ་ཤོས་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་རེད། ཁྲུང་ཁྲུང་སྐེ་ནག་དང་བྱ་རིགས་མང་པོ་ལམ་ཐག་རིང་པོ་བརྒྱུད་དེ་ཉི་ན་ཐང་འདམ་རར་བདེ་བླག་ངང་སླེབས་པས་འདམ་ར་དེའི་སྐུ་མགྲོན་རྩ་ཆེན་ལ་གྱུར་པ་དང་ཆབས་ཅིག། བྱ་གླག་དང་གོ་བོ་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་མང་པོ་ཡང་སླེབས་ནས་འདམ་རའི་མཁའ་དབྱིངས་ལ་ཡིད་དབང་འཕྲོག་པའི་ཚོན་མདངས་ཀྱང་བསྣན་ཡོད།
འདམ་རའི་རྩྭ་ཐང་དུ་ནམ་རྒྱུན་བག་ཡངས་ངང་རྩྭ་ཟ་ཆུ་འཐུང་བྱེད་བཞིན་པའི་སྲོག་ཆགས་ནི་དགོ་བ་ཡིན་ཞིང་། དེ་དག་དང་འདབ་ཆགས་བྱ་རིགས་བར་གཅིག་རྒྱན་གཅིག་སྤྲས་བྱས་ཏེ་འཆམ་མཐུན་མཛེས་སྡུག་གི་སྐྱེ་ཁམས་རི་མོ་ཞིག་གྲུབ་ཡོད།
ཉི་ན་ཐང་རྒྱལ་སྤྱིའི་འདམ་ར་གཙོ་བོ་དེ་ནི་གསེར་རྟ་རྫོང་གི་གཙོ་གནད་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཡ་གྱལ་དུ་གྱུར་པའི་ཆ་ནས་སྔར་ནས་དོ་ཁུར་ཐོབ་ཡོད། ཉེ་བའི་ལོ་ཤས་རིང་། སྲུང་སྐྱོང་ལས་དོན་མཐར་ཕྱིན་སྤེལ་བ་དང་བསྟུན་ནས་ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་རིགས་འབོར་ཆེན་ཞིག་དེ་གར་འཚོ་གནས་དང་སྐྱེ་འཕེལ་བྱེད་ཀྱིན་ཡོད། སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་བསྟུན་ནས་གསེར་རྟ་རྫོང་གི་སྲོག་ཆགས་རིགས་ཀྱི་གྲངས་འབོར་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།། ( བདེ་ཆེན་གྱིས་བསྒྱུར།)