国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བློ་བརྟན་འགྱུར་མེད་ངང་འཐབ་ཇུས་རོགས་ལས་གཏིང་ཟབ་ཏུ་བཏང་ནས། འཛམ་གླིང་དམག་ཆེན་གཉིས་པར་འཛིན་པའི་ཡང་དག་པའི་ལོ་རྒྱུས་ལྟ་བ་ཐུན་མོང་ཐོག་དར་སྤེལ་གཏོང་བ།

( པར་ངོས་དང་པོར་མཐུད།)

ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞི་སྔར་བས་ཟབ་ཏུ་ཕྱིན་པ་དང་། དངོས་གཉེར་མཉམ་ལས་ཀྱི་སྦྲེལ་ཐག་སྔར་བས་དམ་དུ་ཕྱིན་པ། མི་ཆོས་རིག་གནས་ཀྱི་སྤེལ་རེས་དང་ས་གནས་བར་གྱི་འགྲོ་འོང་དེ་བས་མང་དུ་འགྲོ་བཞིན་པ་བཅས་དུས་རབས་གསར་པའི་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་སྔར་ལས་བག་ཕེབས་བློ་སྤོབས་ལྡན་པ་དང་བརྟན་ལྷིང་འགྱུར་མེད་ཡིན། ལོ་རྒྱུས་དང་དོན་དངོས་ལས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་རྒྱུན་མཐུད་གོང་འཕེལ་གཏིང་ཟབ་ཏུ་གཏོང་རྒྱུ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མི་རབས་ནས་མི་རབས་བར་མཛའ་མཐུན་རྒྱུན་འཛིན་བྱེད་པའི་དགོས་ངེས་ཀྱི་དོན་སྙིང་ཞིག་དང་། ཕྱོགས་གཉིས་པོས་ཕན་ཚུན་གྲུབ་འབྲས་གཏོད་རེས་དང་། རང་སོའི་གོང་འཕེལ་དང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་གདམ་ག་ཞིག་ཡིན་ལ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་འབོད་སྒྲ་ཞིག་ཀྱང་ཡིན་པ་ར་སྤྲོད་གང་ལེགས་ཐུབ་ཡོད་ཅེས་གསུངས་གནང་བ་རེད།

ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་། སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བའི་ལོ་རེད། ལོ་ངོ80ཡི་གོང་། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་རང་སྲོག་བློས་གཏོང་ཆེན་པོ་བྱས་པར་རླབས་ཆེན་གྱི་རྒྱལ་ཁ་ཐོབ་པ་དང་། འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་མིའི་རིགས་ཡར་ཐོན་བྱ་གཞག་ལ་སྲུང་སྐྱོང་བྱ་ཆེད་ལོ་རྒྱུས་དེབ་ཐེར་ཐོག་འགོད་རུང་བའི་ལོ་རྒྱུས་ཀྱི་བྱས་རྗེས་ཕུལ་ཡོད།

ཞི་ཅིན་ཕིང་གིས་མིག་སྔར་རྒྱལ་སྤྱིའི་ཐོག་ཕྱོགས་རྐྱང་པའི་རིང་ལུགས་ཀྱི་ལྡོག་རྒྱུན་དང་བཙན་དབང་དང་བཙན་པོ་དབང་ཡོད་ཀྱི་བྱ་སྤྱོད་ལ་དམིགས་ཏེ། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པའི་དམིགས་བསལ་འགན་འཁྲི་ཕྲག་ཏུ་འཁུར་ནས། འགན་འཁུར་ནན་པོ་དང་ཡང་དག་པའི་འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་ལྟ་བ་ཐུན་མོང་ཐོག་དར་སྤེལ་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གནས་བབ་ལ་སྲུང་སྐྱོང་བྱེད་པ། འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོ་དང་དེ་བཞིན་རྒྱ་ཆེའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་། ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཁྱབ་ཁོངས་ཁག་གི་མཉམ་ལས་གནས་ཚུལ་སྐོར་གྱི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བས་གནང་བའི་སྙན་སེང་གསན་གནང་ཡོད།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨུ་རུ་སུ་ཕྱོགས་གཉིས་པོས་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་བྱས་ནས་ཕྱི་ཕྱོགས་ཀྱི་འགལ་རྐྱེན་སེལ་ཐོག། མཉམ་ལས་ཀྱི “བརྟན་པའི”རྨང་གཞི་སྔར་ལས་སྲ་བརྟན་དང་། “ཡར་སྐུལ”གྱི་སྒུལ་ཤུགས་སྔར་ལས་ཆེ་བ་ཡོང་བ་བྱ་དགོས། རྒྱལ་ཁབ་གཉིས་པོའི་ཐོན་ཁུངས་ཀྱི་སྐྱེས་སྟོབས་དང་ཐོན་ལས་མ་ལག་ཕན་ཚུན་གསབ་རེས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། དཔལ་འབྱོར་ཉོ་ཚོང་དང་། ནུས་རྒྱུ། ཞིང་ལས། མཁའ་འགྲུལ་མཁའ་སྐྱོད། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་སྤུས་མཐོའི་གཉིས་ཕན་མཉམ་ལས་རྒྱ་སྐྱེད་གཏོང་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཡོ་རོབ་དང་ཨ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་སྦྲེལ་མཐུད་སྟེགས་བུར་བྱས་ནས། ཚད་གཞི་མཐོ་བའི་མཉམ་འབྲེལ་མཉམ་མཐུད་ཀྱི་རྣམ་པ་འཛུགས་དགོས། “ཀྲུང་གོ་དང་ཨུ་རུ་སུའི་རིག་གནས་ལོའི”མི་མངོན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སློབ་གསོ་དང་། གློག་བརྙན། ཡུལ་སྐོར། ལུས་རྩལ། ས་གནས་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། དམངས་སེམས་ཟབ་མོ་འབྲེལ་མཐུད་ཡོང་བར་སྐུལ་འདེད་གཏོང་དགོས། མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས། འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་སྟེགས་བུར་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཐུན་སྒྲིལ་བྱེད་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་བྱེད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཕོ་འགྱུར་གྱི་ཡང་དག་པའི་ཁ་ཕྱོགས་སྣེ་ཁྲིད་བྱེད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས་ཀྲུང་གོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ང་ཚོར་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྒྱལ་རྒྱུའི་སེམས་ཤུགས་དང་ཡིད་ཆེས་ཡོད། ཕྱི་རོལ་གྱི་ཁོར་ཡུག་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས་ཀྲུང་གོས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་དུས་རབས་ཀྱིས་སྤྲད་པའི་དམིགས་བསལ་གྱི་འགན་འཁྲི་འཁུར་ནས་གོ་ལ་ཧྲིལ་པོའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་དང་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་ལྷིང་དང་ཤར་བགྲོད་ཐུབ་པར་སྲུང་སྐྱོང་བྱས་ཐོག རྒྱལ་ཁབ་གཉིས་པོའི་གོང་འཕེལ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།

ཕུའུ་ཅིང་གིས་ཀྲུའུ་ཞི་ཅིན་ཕིང་ནས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་བ་མ་ཟད་རླབས་ཆེན་གྱི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་རྒྱུ་ཡིན། ད་ཐེངས་ཀྱི་འཚམས་འདྲིར་དོན་སྙིང་གལ་ཆེན་ལྡན་པས། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་མ་ཟད། འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་ལ་ཐུན་མོང་ཐོག་སྲུང་སྐྱོང་ཡང་ཐུབ་རྒྱུ་རེད་ཅེས་གསུངས་པ་རེད།

ཕུའུ་ཅིང་གིས་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་དེ་ཕན་ཚུན་འདྲ་མཉམ་དང་ཕན་ཚུན་བརྩི་བཀུར་གྱི་རྨང་གཞིའི་ཐོག་བཙུགས་པ་ཞིག་ཡིན་པ་ལས། ཕྱོགས་གསུམ་པར་དམིགས་པ་ཞིག་མིན་ལ། དུས་བབ་ཀྱི་ཤུགས་རྐྱེན་ཡང་ཐེབས་མི་སྲིད། བློ་བརྟན་འགྱུར་མེད་སྒོ་ནས་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་དང་གཉིས་ཕན་མཉམ་ལས་རྒྱ་སྐྱེད་གཏོང་རྒྱུ་ནི་ཨུ་རུ་སུ་ཕྱོགས་ཀྱི་འཐབ་ཇུས་ཀྱི་གདམས་ཀ་ཡིན། ཨུ་རུ་སུ་ཕྱོགས་ནས་ཀྲུང་གོ་གཅིག་གི་རྩ་དོན་ལག་ལེན་བསྟར་བཞིན་པ་དང་། ཐའེ་ཝན་གྱི་གནད་དོན་ཐད་ཀྲུང་གོའི་ལངས་ཕྱོགས་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཨུ་རུ་སུ་ཕྱོགས་ནས་ཀྲུང་གོ་ཕྱོགས་དང་ལྷན་དུ་མཐོ་རིམ་བར་གྱི་སྤེལ་རེས་དམ་ཟབ་རྒྱུན་འཁྱོངས་བྱེད་པ་དང་། ཉོ་ཚོང་དང་། མ་འཇོག ནུས་རྒྱུ། ཞིང་ལས། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། སློབ་གསོ་དང་། རིག་གནས། གཞོན་ནུ། ཡུལ་སྐོར་སོགས་མི་ཆོས་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ། རྒྱང་ཤར་ས་ཁུལ་གྱི་མཉམ་ལས་ཀྱི་ནང་དོན་གསར་པ་སྣོན་དགོས། སྒོ་ཁྲལ་མཐོ་རུ་བཏང་བ་དེ་ནི་རྒྱུན་སྲོལ་དང་རྒྱབ་འགལ་བྱས་པ་ཞིག་ཡིན་ལ། ཁྲིམས་མཐུན་ཡང་མིན་པས། ར་སྤུའི་འུར་རྡོ་ར་ཡི་མཇིང་པར་འཁོར་བའི་དཔེ་དང་གཅིག་མཚུངས་ཡིན། ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས། འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ། འཛམ་གླིང་སྣེ་མང་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་དང་། ཕྱོགས་རྐྱང་པའི་རིང་ལུགས་ལ་ཐུན་མོང་ཐོག་ངོ་རྒོལ། བཀག་སྡོམ་གང་བྱུང་དུ་བྱེད་པར་ངོ་རྒོལ། ཚོགས་ཁག་ཁ་གཏད་དུ་ལངས་པར་ངོ་རྒོལ་བཅས་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཕུའུ་ཅིང་གིས་ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་འཛམ་གླིང་གིས་ཧྥ་ཤི་སིར་རྒོལ་བའི་དམག་འཐབ་ཁྲོད་རང་སྲོག་བློས་གཏོང་ཆེན་པོ་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཀྲུང་གོ་མི་དམངས་ཀྱིས་དཔའ་མཛའ་རྟུལ་ཕོད་ཀྱིས་འཐབ་འཛིང་བྱས་པས། ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་རླབས་པོ་ཆེ་ཐོབ་ནས། འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་དཀའ་ཚེགས་ཆེ་བའི་དམག་འཐབ་ཀྱི་ལོ་ཟླའི་ནང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་མཛའ་མཐུན་ཟབ་མོ་ཚུགས་ནས་ཕྱོགས་གཉིས་པོའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིངས་ཡོད། ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་དང་། འཛམ་གླིང་དམག་ཆེན་གཉིས་པའི་ཡང་དག་པའི་ལོ་རྒྱུས་ཀྱི་གནས་ཚུལ་ཞིབ་བརྗོད་ལ་སྲུང་སྐྱོང་། རྒྱལ་སྤྱིའི་དྲང་བདེན་དྲང་གཞག་ལ་སྲུང་སྐྱོང་བཅས་བྱས་ཏེ། ཐུན་མོང་ཐོག་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ལ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་ཞེས་གསུངས་པ་རེད།

མཇལ་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱིས་ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་། སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁབ་ཐོབ་པ། མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་ངོ80འཁོར་བ་བཅས་ཀྱི་སྐབས་འདིར་ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་ཞེས་པར་མཉམ་དུ་མཚན་རྟགས་བཀོད་གནང་ཡོད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཀྲུང་གོ་དང་ཨུ་རུ་སུ་ཕྱོགས་གཉིས་པོས་ཕྱོགས་གཉིས་མཉམ་ལས་ཡིག་ཆ20ལྷག་ཙམ་བརྗེ་སྤྲོད་བྱེད་པར་ཐུན་མོང་ཐོག་བདེན་དཔང་གནང་བ་དང་། དེ་དག་ནི་གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་། སྐྱེ་དངོས་བདེ་འཇགས། མ་འཇོག་སྲུང་སྐྱོབ། གྲངས་འཛིན་དཔལ་འབྱོར། ནད་ཡམས་བརྟག་ཞིབ། གློག་བརྙན་མཉམ་ལས་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་ཡོད་སྡེ་ཁག་གིས་ཕྱོགས་གཉིས་པོའི་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་ལྟར། མཐུན་སྦྱོར་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཕན་འབྲས་དངོས་དེ་བས་མང་བ་ཐོབ་པ་བྱ་དགོས་པའི་བཀའ་མངགས་གནང་ཡོད། ཉིན་དེའི་ཉིན་དགུང་། ཕུའུ་ཅིང་གིས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་གནང་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ཞུགས་ཡོད།།( ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན་ནས་དྲངས།)