ཉེ་ཆར། སེར་ཤུལ་རྫོང་ན་གཞོན་བྱེད་སྒོ་ལྟེ་གནས་སུ་ལང་ཚོའི་སེར་ཤུལ། སྤྲིན་རྩེའི་ལས་གཏོད་ཅེས་པ་གཙོ་དོན་དུ་བྱས་པའི་སེར་ཤུལ་རྫོང་གི་ན་གཞོན་ལས་གཏོད་འགྲན་སྡུར་སྐབས་དང་པོ་དང་ན་གཞོན་ལས་གཏོད་གྲུབ་འབྲས་འགྲེམ་སྟོན་བྱེད་སྒོ་སྤེལ་བ་རེད། རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། རྫོང་མི་དམངས་འཐུས་ཚོགས། རྫོང་སྲིད་གྲོས་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་བྱེད་སྒོར་ཞུགས།
འགྲན་སྡུར་ཁྲོད་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རྣམ་གྲངས11རེས་མོས་ངང་འགྲེམ་སྟོན་བྱས་པ་དང་། འགྲན་ཞུགས་པསPPTགཏམ་བཤད་བྱེད་སྟངས་བརྒྱུད་དེ་འགྲན་ཞུགས་རྣམ་གྲངས་ལ་འགྲེལ་བཤད་བྱས། དཔྱད་འདེམས་པ་ཚོས་ཚོང་ལས་རང་བཞིན་དང་རྒྱུན་མཐུད་རང་བཞིན་སོགས་ལ་དམིགས་ནས་དཔྱད་བརྗོད་བྱས། རྣམ་གྲངས་ལེགས་སུ་གཏོང་བར་ཆེད་ལས་ཀྱི་མཛུབ་ཁྲིད་བྱས།
བྱེད་སྒོ་སྤེལ་སའི་ཕྱི་རོལ་དུ་ཐོན་རྫས་འགྲེམ་སྟོན་ཁུལ་བཙུགས་པ་དང་། རྫ་ཆུའི་གཡང་དཀར་ཚང་། དགོ་དགོ་གཡང་ལྷ། གངས་ལྗོངས་གྱོན་ཆས། འབུམ་རྙིང་ཨ་མའི་བཟོ་རྩལ་སོགས་ལས་གཏོད་རྣམ་གྲངས་ཀྱི་འགྲེམ་སྟོན་དངོས་རྫས་དག་གིས་ལྟད་མོ་བའི་ཡིད་དབང་བཀུག་ནས་ན་གཞོན་ལས་གཏོད་དང་ས་གནས་རང་གི་ཐོན་ཁུངས་མཉམ་འདྲེས་བྱུང་ཡོད་པ་རེད།
འགྲན་རྩོད་ཛ་དྲག་བྱས་མཐར། དགོ་དགོ་གཡང་ལྷ་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། དུས་མཚུངས་སུ་འགྲན་སྡུར་ལས་བྱ་དགའ་ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ། བྱ་དགའ་ཕུལ་བྱུང་བཞི་བཅས་རེ་རེ་བཞིན་ཐོབ་ཡོད་ཅིང་། བྱ་དགའི་དངུལ་ཁྱོན་བསྡོམས་སྒོར་ཁྲི12ལ་ཟིན་ཡོད་པ་རེད།།
( མེ་ཏོག་གིས་བྲིས་ཤིང་པར་བླངས།)