ཉིན་ཤས་གོང་རྒྱལ་ཁབ་ཀྱི་མ་རྩ་དང་གཞུང་ཁོངས་ཁེ་ལས་ཀྱིས་དཀར་མཛེས་ཁུལ་གྱི་དར་རྒྱས་ཅུང་ཞན་པའི་རྫོང་ཁོངས་ལ་འཚོ་སྐྱོང་དམའ་སྐྱོར་བྱེད་པའི་ལས་གཞིར་གཅིག་བསྡུས་ཆིངས་འཇོག་བྱེད་སྒོ་ལྕགས་ཟམ་རྫོང་དུ་སྤེལ་བ་རེད། དཀར་མཛེས་ཁུལ་གྱི་ངོས་ནས་བརྗོད་ན། ད་ཐེངས་ཀྱི་ཆིངས་འཇོག་བྱེད་སྒོ་དེ་དུས་ཐོག་གི་ཆར་པ་ཞིག་དང་འདྲ་བར་འཕེལ་རྒྱས་སྤུས་ཚད་མཐོན་པོའི་རྒྱང་སྐྱོད་ལམ་གསར་ཕྱོགས་སུ་འབད་བརྩོན་ཆེན་པོས་སྐྱོད་བཞིན་པའི་དཀར་མཛེས་ཁུལ་ལ་སྒུལ་ཤུགས་དང་གསོན་ཤུགས་གསར་རྐྱང་བསྣན་ཡོད་ལ། དར་རྒྱས་ཅུང་ཞན་པའི་རྫོང་ཁོངས་འཕེལ་རྒྱས་ཀྱི་འཇུར་མིག་སེལ་བ་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུར་གོ་སྐབས་གསར་པ་ཡང་འཕྲད་ཡོད།
ད་ཐེངས་ཀྱི་བྱེད་སྒོར་མ་འཇོག་དང་སྒྲོམ་གཞི། ཞལ་འདེབས་བཅས་ཀྱི་གྲོས་མཐུན65ལ་མིང་རྟགས་བཀོད་པ་དང་གྲོས་མཐུན་གྱི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར1500ལས་བརྒལ་བ་དེའི་ནང་ནུས་རྒྱུ་གཙང་མ་དང་། རིག་གནས་ཡུལ་སྐོར། འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད། ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས། ཨང་ཀི་འཛུགས་སྐྱོང་སོགས་ཁྱབ་ཁོངས་ཚུད་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཆིངས་འཇོག་ལས་གཞིའི་ཁྲོད་དུ་ནུས་རྒྱུ་དང་གཏེར་རྫས་གསར་སྤེལ་རིགས་མང་ཞིང་ཁྱོན་བསྡོམས26ཡོད་པ་དང་ཆིངས་འཇོག་དངུལ་གྲངས་སྒོར་དུང་ཕྱུར1033.72ལ་ཟིན་ཞིང་ཆུ་གློག་དང་འོད་ཤུགས། ནུས་གསོག། གཏེར་རྫས་སོགས་དང་འབྲེལ་བ་ཡོད་པ་དང་། དེའི་རྗེས་ལ་འགྲིམ་འགྲུལ་དང་གློག་དྲྭ་སོགས་རྨང་གཞིའི་སྒྲིག་བཀོད་རིགས་ཡིན་པ་དང་ཁྱོན་བསྡོམས15ཡོད་པ་དང་ཆིངས་འཇོག་དངུལ་གྲངས་སྒོར་དུང་ཕྱུར492.62ལ་ཟིན་ཡོད། གཞན་ཡང་རིག་གནས་ཡུལ་སྐོར་དང་ཞིང་འབྲོག་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱང་ཡོད།
དོ་ཁུར་བྱེད་འོས་པ་ཞིག་ནི་བྱེད་སྒོའི་ནང་དུ་ད་དུང་བཟོ་ལས་དང་དེ་བཞིན་གླིང་ཁུལ་འཛུགས་སྐྲུན་རིགས་ཀྱི་རྣམ་གྲངས3ལ་ཆིངས་འཇོག་བྱས་པ་རེད། འཚོ་སྐྱོང་དམའ་སྐྱོར་གྱི་ལས་དོན་སྤེལ་བ་ནས་བཟུང་ས་གནས་ཁག་གིས“ས་ཁོངས་བརྒལ་བའི་གླིང་ཁུལ”སྟེགས་བུ་ལ་བརྟེན་ནས་དར་རྒྱས་ཅུང་ཞན་པའི་རྫོང་ཁོངས་ཀྱི་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་གཏང་བར་ནུས་པ་སྤྲད་ཡོད། མིག་སྔར། སྡེ་དགེ་རྫོང་དང་ཁྲེང་ཏུའུ་གྲོང་ཁྱེར་ཀའོ་ཞིན་ཆུས་བར་གྱི་མཉམ་ལས་གླིང་ཁུལ་དང་། སེར་ཤུལ་རྫོང་དང་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཉིའུ་ཆུས་བར་གྱི་རྫོང་རིམ་པའི་ས་ཁོངས་བརྒལ་བའི་གླིང་ཁུལ་གཉིས་བསྐྲུན་ནས་སྒོ་ཕྱེ་པས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། 2024ལོར་དཀར་མཛེས་ཁུལ་གྱི་དར་རྒྱས་ཅུང་ཞན་པའི་རྫོང་ཁོངས12ཡིGDPསྒོར་དུང་ཕྱུར274ལས་བརྒལ་ཏེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ6འཕར་ནས་ཞིང་ཆེན་ཡོངས་ལས་བརྒྱ་ཆའི་གྲངས0.3མཐོ་བ་དང་། མི་རེའི་ཆ་སྙོམསGDPསྒོར38987ལ་ཟིན་ནས2022ལོ་ལས་སྒོར5946འཕར་ཡོད། 2025ལོའི་དུས་ཚིགས་དང་པོའི་ནང་དཀར་མཛེས་ཁུལ་གྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དང་གཏོང་སྒོའི་འཕར་ཚད་ཚང་མ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ནས་ན་ལོའི་དུས་མཉམ་ལས་བརྒྱ་ཆ40.45དང་བརྒྱ་ཆ10.96འཕར་ཡོད།
ད་ཐེངས་ཆིངས་འཇོག་བྱེད་སྒོར་ཞུགས་པའི་གཞུང་དབང་ཁེ་ལས་ནང་དཀར་མཛེས་ཁུལ་རྫོང་ཁོངས12ལ་རོགས་སྐྱོར་བྱེད་པའི་ཁེ་ལས་དུད་ཚང25ཡོད་པར་མ་ཟད། ད་དུང་དཀར་མཛེས་ཁུལ་འཕེལ་རྒྱས་མདུན་ལམ་དང་གོ་སྐབས་ལ་འདུན་པ་ཡོད་པའི་ཀྲུང་དབྱང་དང་། ཞིང་ཆེན་ཁོངས་གཏོགས། གྲོང་ཁྱེར་ཁོངས་གཏོགས་བཅས་ཀྱི་འཐབ་ཇུས་མཉམ་ལས་ཁེ་ལས21ཡོད་པ་རེད།།
( ལྷ་འཛོམས་ཀྱིས་བསྒྱུར།)
