国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་མགྱོགས་ཞུ་འཕྲིན་ཕྲན་བསྒྲིགས་རིམ་གྱི་ཆུ་ལོག་དང་ས་གཤིས་གནོད་འཚེ་སྔོན་འགོག་གི་བྱེད་ནུས་སྤྱོད་འགོ་བཙུགས།

ཉེ་ཆར། དཀར་མཛེས་མགྱོགས་ཞུ་ཞེས་པའི་འཕྲིན་ཕྲན་བསྒྲིགས་རིམ་ཆུང་ངུའི་ཆུ་ལོག་དང་ས་གཤིས་གནོད་འཚེ་སྔོན་འགོག་གི་བྱེད་ནུས་སྤྱོད་འགོ་བཙུགས་པས་རང་ཁུལ་གྱི་གནོད་འགོག་གནོད་བསྙུང་ལས་དོན་ཚན་རྩལ་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སླར་ཡང་སྒུལ་ཤུགས་གསར་པ་བསྣན་ཡོད།

དཀར་མཛེས་མགྱོགས་ཞུ་འཕྲིན་ཕྲན་གྱི་བསྒྲིགས་རིམ་ཆུང་ཆུང་ནི་རང་ཁུལ་གྱི་དུས་བདེའི་འདུས་གྲུབ་མ་ལག་གསར་སྤེལ་ལ་གཞིགས་ནས་གསར་དུ་སྤེལ་བ་ཡིན་ཞིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་བ་དང་ཁུལ་དན་གྲངས་ཅུས་ཀྱིས་སྣེ་ཁྲིད་པ། འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་གཞོགས་འདེགས་བྱས་ནས་བཟོས་པའི་བློ་རིག་ཅན་གྱི་ཉེར་སྤྱོད་སྟེགས་བུ་ཞིག་ཡིན། གནོད་འགོག་གནོད་བསྙུང་དང་།ཉེན་མེད་ཐོན་སྐྱེད། སྤྱི་ཚོགས་བརྟན་ལྷིང་བཅས་ལ་དམིགས་ནས་སྔོན་འགོག་དང་ཐག་གཅོད་ཀྱི་བྱེད་ནུས་ཆེན་པོ་གཉིས་དམ་དུ་བཟུང་ནས་གཞུང་དོན་བཀོལ་སྣེ་དང་སྤྱི་དམངས་བཀོལ་སྣེ་གཉིས་སུ་ཕྱེ་ཡོད། དེ་སྤྱོད་འགོ་བཙུགས་པ་ནས་བཟུང་རང་ཁུལ་གྱི་ཉེན་མེད་བཅོས་སྐྱོང་གི་ལས་རོགས་ནུས་ལྡན་ཞིག་ཏུ་གྱུར་ཡོད། ད་ལོའི་ཟླ་སྤྱི་ཟླ4པའི་ཚེས29ཉིན་གྱི་བར་དུ་དཀར་མཛེས་མགྱོགས་ཞུ་འཕྲིན་ཕྲན་བསྒྲིགས་རིམ་ཐོ་འགོད་མཁན40085ལ་ཟིན་པ་དང་སྤྱི་དམངས་སྤྱོད་མཁན75600ལ་ཟིན་ཡོད།

གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་མགྱོགས་ཞུ་འཕྲིན་ཕྲན་བསྒྲིགས་རིམ་བཀོལ་སྤྱོད་བྱེད་སྟངས་སྟབས་བདེ་ཡིན་པ་དང་། དཔེར་ན། མངོན་མེད་རྐྱེན་ངན་ཆུ་ལམ་འགག་པ་དང་། རི་བོར་གས་སྲུབས་བྱུང་བ་སོགས་གནས་ཚུལ་ཤེས་རྟོགས་བྱུང་ཚེ། འཕྲིན་ཕྲན་ཁ་ཕྱེ་ནས་དཀར་མཛེས་མགྱོགས་ཞུ་མཉེན་ཆས་འཚོལ་བཤེར་བྱས་མཐར་པར་ལེན་གྱི་གནས་ཐིག་གཏན་འཁེལ་བྱེད་ནུས་བརྒྱུད་ནས་མངོན་མེད་རྐྱེན་ངན་གྱི་གནས་ཚུལ་ཡར་བསྐུར་བ་ཡིན་ན་མངོན་མེད་རྐྱེན་ངན་སྙན་སེང་ཞུ་བའི་བརྒྱུད་རིམ་ལེགས་གྲུབ་ཐུབ་ཀྱི་ཡོད། འབྲེལ་ཡོད་སྡེ་ཚན་ལ་ཆ་འཕྲིན་འབྱོར་རྗེས་མགྱོགས་མྱུར་ཞིབ་དཔྱད་ཐག་གཅོད་བྱ་ཆོག་པ་རེད། གལ་ཏེ་གནས་ཚུལ་དོན་དངོས་ཡིན་ན་མང་ཚོགས་ལ་དེ་མཚུངས་ཀྱི་བྱ་དགའ་ཐོབ་ཐུབ། བྱེད་ཐབས་འདིས་དེ་སྔའི་ཕྱོགས་གཅིག་ལྟ་ཞིབ་ཚད་ལེན་དང་གཞན་དབང་བསྡུ་ལེན་བྱེད་སྟངས་གཏོར་ནས་ཡུལ་མི་རང་འགུལ་ངང་བདེ་འཇགས་བཅོས་སྐྱོང་ནང་ཞུགས་པར་སྐུལ་སློང་བྱས་ཡོད།

མངོན་མེད་རྐྱེན་ངན་ཞིབ་བཤེར་གྱི་ལས་ཕྱོད་ཆེ་རུ་གཏོང་བའི་ཐོག་དཀར་མཛེས་མགྱོགས་ཞུ་འཕྲིན་ཕྲན་བསྒྲིགས་རིམ་དེས་ལས་དོན་མི་སྣས་མངོན་མེད་ཉེན་ཁ་ཞིབ་བཤེར་བྱེད་པའི་དུས་ཚོད་དང་མི་ཤུགས་མ་གནས་ཆེས་ཆེར་གྲོན་ཆུང་ཐུབ་ཀྱི་ཡོད། དུས་མཉམ་དུ་གོ་རིམ་ཆུང་བའི་རྒྱབ་སྟེགས་ཀྱིས་ད་དུང་མངོན་མེད་རྐྱེན་ངན་གྱི་དན་གྲངས་ལ་བསྡོམས་རྩིས་དབྱེ་ཞིབ་བྱས་ཏེ་ཐད་མཐོང་གི་རེའུ་མིག་ཐོག་ནས་མངོན་མེད་རྐྱེན་ངན་ཐོན་མང་བའི་ས་ཁོངས་དང་རིགས་ཀྱི་ཁྱབ་ཚུལ་སོགས་མངོན་ནས་གནོད་འཚེ་སྔོན་འགོག་དང་གནོད་འཚེ་བསྙུང་བའི་ཐབས་ཇུས་ལ་ཚན་རིག་དང་མཐུན་པའི་ནུས་ལྡན་གྱི་དན་གྲངས་འདེགས་སྐྱོར་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཕྱིན་ཆད་ལས་དོན་ཁྲོད་འབྲེལ་ཡོད་སྡེ་ཚན་གྱིས་མཐུན་སྦྱོར་ལྟ་སྐུལ་ལ་མུ་མཐུད་ཤུགས་བརྒྱབ་ནས་འགན་འཁྲི་སྔར་བས་ཁ་གསལ་བཟོས་ནས་མངོན་མེད་རྐྱེན་ངན་མགྱོགས་མྱུར་དང་ལེན་དང་ཐག་གཅོད་ནུས་ལྡན་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞིང་། དུས་མཉམ་དུ་དཀར་མཛེས་མགྱོགས་ཞུ་འཕྲིན་ཕྲན་བསྒྲིགས་རིམ་ཁྱབ་སྤེལ་སྤྱོད་ཤུགས་ཆེ་རུ་གཏོང་བ་དང་ནུས་པ་དང་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་ཁུལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་གནོད་འཚེ་བསྙུང་བའི་བདེ་འཇགས་འགོག་སྲུང་ར་བ་ཐུན་མོང་ཐོག་བརྟན་དུ་གཏང་རྒྱུ་ཡིན་པ་རེད།།

( ཀུན་དགས་བསྒྱུར།)