国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བརྒྱད་ཟིལ་རྫོང་དབེན་པོ་གྲོང་རྡལ་གྱིས་ཆུ་ལོག་དང་ས་གཤིས་གནོད་འཚེ་སྔོན་འགོག་གི་ཉེན་མེད་ལས་ཀ་སྔ་ཚེར་བཀོད་སྒྲིག་བྱས།

ད་ལོའི་ཆུ་ལོག་དང་ས་གཤིས་གནོད་འཚེ་འགོག་བཅོས་ལས་དོན་བཅས་ཏན་ཏིག་ལེགས་པར་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་ལེན་བྱ་ཆེད། ཉེ་ཆར། བརྒྱད་ཟིལ་རྫོང་དབེན་པོ་གྲོང་རྡལ་གྱིས་མྱུར་དུ་ཆུ་ལོག་དང་ས་གཤིས་གནོད་འཚེ་སྔོན་འགོག་གི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས་ནས་ཕྱོགས་ཡོངས་ནས་ཆུ་ལོག་སྔོན་འགོག་དང་ཆུ་ལོག་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་ལེགས་པོར་བྱས། ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེའི་སུམ་གླིང་ཆུ་བོ་ནི་དབེན་པོ་གྲོང་རྡལ་གྱི་མངའ་ཁོངས་ཡོངས་སུ་ཁྱབ་པ་དང་། དབེན་པོ་གྲོང་རྡལ་གྱི་མངའ་ཁོངས་སུ་རི་མཐོ་ཞིང་ལ་གཟར་བ། གྲོག་རོང་མང་བས་ས་གཤིས་གནོད་འཚེ་འབྱུང་སླ་བ་དང་འབྱུང་མང་བ། ཆུ་ལོག་འགོག་པའི་གནས་བབ་ཧ་ཅང་ཛ་དྲག་དང་རྙོག་འཛིང་ཆེ་བས། གྲོང་རྡལ་ཡོངས་ཀྱི་གོང་འོག་ཚང་མས་མི་དམངས་དང་ཚེ་སྲོག་གཙིགས་སུ་འཛིན་པའི་འདུ་ཤེས་བརྟན་པོར་བཅངས་ནས་སྣང་མེད་དང་མཐོང་ཆུང་གི་བསམ་བློ་མཐའ་གཅིག་ཏུ་སྤངས་ནས་ཕྱོགས་སོ་སོའི་འགན་འཁྲི་གཏན་ལ་ཕབ་ནས་གྲ་སྒྲིག་གང་ལེགས་བྱས་པར་བརྒྱུད། ཆུ་ལོག་འགོག་པ་དང་གནོད་འཚེ་བསྙུང་བ། རྒུད་སྐྱོབ་སོགས་ཀྱི་བྱེད་ཐབས་ཁག་དོན་ལ་འཁྱོལ་རྒྱུ་རེད།

མངོན་མེད་རྐྱེན་ངན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏང་དགོས། དབེན་པོ་གྲོང་རྡལ་གྱིས་ཆུ་མ་འབྲུབ་པའི་གོང་གནས་སོ་སོའི་ས་གཤིས་གནོད་འཚེ་དང་རི་ཁུལ་ཆུ་ལོག་གི་ལྟ་ཞིབ་ཚད་ལེན་ས་ཚུགས་དང་། ཁེ་ལས་ཁག་དང་འཛུགས་པའི་ཨར་ལས་སྡེ་ཚན་གྱི་བཟོ་ཁུལ་ཚང་མར་ཞིབ་ཚགས་དང་ཕྱོགས་ཡོངས་ནས་ཞིབ་བཤེར་ཐེངས་གཅིག་བྱས་ཏེ་མངོན་མེད་རྐྱེན་ངན་གྱི་གསལ་ཐོ་བཟོས་ནས་འཕྲལ་དུ་བཅོས་སྒྲིག་བྱེད་ཐབས་དོན་ལ་འཁྱོལ་ཏེ་མངོན་མེད་རྐྱེན་ངན་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་ཐག་གཅོད་ཐུབ་པར་འགན་ལེན་བྱ་དགོས། འཚུབ་བསྟུན་སྔོན་ཇུས་བཟོ་བཅོས་འཐུས་ཚང་དུ་གཏང་དགོས། གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ“མངོན་མེད་རྐྱེན་ངན་ས་ཚུགས་གཅིག་ལ་འཆར་ཇུས་གཅིག”དང“བཟོ་ཁུལ་གཅིག་ལ་སྔོན་ཇུས་གཅིག”བཟོ་བཅོས་འཐུས་ཚང་དུ་བཏང་ནས་འཆར་ཇུས་ཀྱི་ནང་དོན་སྔར་བས་ཞིབ་ཕྲ་བཟོས་ནས་འཆར་ཇུས་ཀྱི་ཚན་རིག་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་རུ་གཏང་དགོས། འཚུབ་བསྟུན་གྲབས་སྦྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། ལྟ་ཞིབ་ཚད་ལེན་ས་ཚུགས་དང་ཁེ་ལས། བཟོ་ཁུལ་ཁག་སོ་སོར་ཉིན་མཚན་གཉིས་ལ་ཆུ་རུད་ཀྱི་ཉེན་ཁ་བྱུང་ཚུལ་བརྟག་ནས་ཡུལ་དངོས་ཀྱི་འཚུབ་བསྟུན་གྲབས་སྦྱོང་ཐེངས་གཅིག་བསྡུས་ཏེ། མང་ཚོགས་དང་ལས་བཟོ་པས་ཉེན་བརྡའི་བརྡ་རྟགས་དང་། ཕྱིར་འཐེན་ལམ་ཐིག། འཚུབ་བསྟུན་ཉེན་གཡོལ་བྱ་ཡུལ་བཅས་ལ་བྱང་ཆ་ལྡན་པ་དང་འཚུབ་བསྟུན་ཐག་གཅོད་ཀྱི་ནུས་པ་ཆེ་རུ་གཏང་དགོས། ཆུ་ལོག་འགོག་པ་དང་དངོས་ཟོག་གསོག་འཇོག་བྱེད་ཤུགས་ཆེ་རུ་གཏང་དགོས། ད་ཡོད་ཀྱི་གནོད་འགོག་དངོས་རྫས་ལ་རྩིས་བཤེར་བྱས་ཏེ་དུས་ཐོག་ཏུ་ཁ་གསབ་དང་གསར་སྒྱུར་བྱེད་པ་དང་། དངོས་རྫས་དོ་དམ་ལ་ཤུགས་བརྒྱབ་ནས་དངོས་རྫས་བཀོད་སྒྲིག་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏང་དགོས། ཉེན་སྐྱོབ་གེགས་སེལ་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། ཏང་མི་ལས་བྱེད་པ་དང་གཞི་རིམ་མགོ་ཁྲིད་གཙོ་བོར་བྱས་པའི་ཆུ་ལོག་འགོག་པའི་འཚུབ་བསྟུན་དཔུང་ཁག་བཙུགས་ནས་གསོ་སྦྱོང་དང་གྲབས་སྦྱོང་ཐད་ཤུགས་བསྣན་ཏེ་དཔུང་ཁག་གི་འཚུབ་བསྟུན་འཕྲལ་སྐྱོབ་ནུས་པ་ཆེ་རུ་གཏང་དགོས། ལྟ་ཞིབ་ཚད་ལེན་དང་། ཉེན་ཟོན་སྔོན་བརྡ་དང་ལས་རེས་བྱེད་ཤུགས་ཆེ་རུ་གཏང་དགོས། མགོ་ཁྲིད་གཙོ་བོའི་ལས་ཁྲིད་དང་ཆུ་ཚོད24རིང་ལས་རེས་ལམ་ལུགས་དོན་འཁྱོལ་ནན་པོ་དང་གནམ་གཤིས་འགྱུར་ལྡོག་ལ་དོགས་སྣང་བྱས་ནས་ཆར་བ་འབབ་ཚུལ། ཆུ་རྒྱས་ཚུལ། འབྲུབ་ཚུལ་བཅས་ཀྱི་གནས་ཚུལ་ལ་དོ་ཁུར་དམ་ཟབ་བྱས་ཏེ་ཉེན་བརྡའི་ཆ་འཕྲིན་དུས་ཐོག་དང་གནད་དུ་འཁེལ་བའི་སྒོ་ནས་ཁྱབ་བསྒྲགས་ཐུབ་པར་འགན་ལེན་བྱ་དགོས།

ཤེས་རྟོགས་བྱུང་བར་གཞིགས་ན། དབེན་པོ་གྲོང་རྡལ་གྱིས་ཉེན་བརྡ་དུས་ཐོག་བཏང་ཐུབ་ལ། ཁ་གཏད་གཅོག་ཤུགས་ཆེ་བ། ཐག་གཅོད་གོ་རིམ་ལྡན་པ་བཅས་ཀྱི་ལས་ཀ་བསྒྲུབས་ནས། ཉེ་བའི་ལོ་འགའི་རིང་ལ2019ལོའི“6·21”ཕག་སྣ་ལུང་པ་དང་། 2020ལོའི“6·11”ལའོ་ཧོ་ཧྲི་ལུང་པ། 2024ལོའི“7·16”ཀའོ་དབྱི་ལུང་པ་བཅས་ཀྱི་ཆུ་རུད་ཀྱི་གནོད་འཚེ་ཆེ་གྲས་ལ་ཁ་གཏད་བདེ་བླག་ངང་བཅག་ནས་ཉེན་ཁ་གཡོལ་ཐབས་དང་མི་ཤི་རྨས་གཅིག་ཀྱང་ཐེབས་མེད་པས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་སྲུང་སྐྱོབ་ལེགས་པོ་བྱུང་ཡོད། གྲོང་རྡལ་དེར2024ལོར་སི་ཁྲོན་ཞིང་ཆེན་གྱི་ས་ཡོམ་འགོག་བཅོས་ལས་དོན་གྱི་སྔོན་ཐོན་ཚོགས་པ་ཞེས་པའི་མཚན་སྙན་ཐོབ་པར་མ་ཟད། ལས་བྱེད་པ་གཉིས་ལའང་སྔ་རྗེས་སུ་ཞིང་ཆེན་རིམ་པའི་གཟེངས་བསྟོད་ཐོབ་པ་རེད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)