国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལོ་ན་བགྲེས་པའི་ཡུམ་ཆེན།

རྒྱལ་ན་ཕྲག་དོག་རྒྱབ་འགལ་བྱེད་པའི་ཚུགས་མེད།།

ཕམ་ན་མཐོང་ཆུང་འཕྱ་སྨོད་བྱེད་པའི་སྲོལ་དབུལ།།

བུ་ལ་སེམས་རྩ་གཅིག་ཏུ་གཏད་པའི་མ་ཡིས།།

ཡོད་ཚད་བློས་བཏང་བྱེད་པའི་ཚུལ་ལ་འདུད་དོ།།

འཛུམ་ཆུང་ཟླ་བའི་འོད་སྣང་ཞན་པའི་ཨ་མ།།

འབྱུང་བཞིའི་མེ་ཏོག་རི་ནས་དུབ་པའི་ཨ་མ།།

ན་ཚོད་ལྕི་འདམ་ལྷས་ནས་བསེད་པའི་ཨ་མ།།

དབུ་སྐྲ་ཁ་བའི་འདབ་མར་འཁུ་བའི་ཨ་མ།།

ཇི༵་ཙམ་རྒས་ཀྱང་དེ་ཙམ་བཟང་བའི་ཨ་མ།།

ཇི༵་ཙམ་གཉོམ་ཡང་དེ་ཙམ་དཔའ་བའི་ཨ་མ།།

ཇི༵་ཙམ་འདྲིས་ཀྱང་དེ་ཙམ་མཐུན་པའི་ཨ་མ།།

ཇི༵་ཙམ་གཤེ་ཡང་དེ་ཙམ་བྱམས་པའི་ཨ་མ།།

འཇམ༵་པའི་ངག་སྒོ་སྙན་པ་འཕྱོ་བའི་ཨ་མ།།

འཇམ༵་པའི་ཕྱག་གིས་བུ་ཆུང་སྐྱོང་བའི་ཨ་མ།།

འཇམ༵་པའི་གཤིས་ལ་ནག་ནོག་བྲལ་བའི་ཨ་མ།།

འཇམ༵་མཉེན་བརྩེ་བས་བྱིལ་བྱིལ་གནང་བའི་ཨ་མ།།

བཟ༵ང་བའི་ལས་ཀུན་ལམ་སྟོན་གནང་བའི་ཨ་མ།།

བཟ༵ང་བའི་སྨོན་ལམ་རྒྱུན་དུ་འདེབས་པའི་ཨ་མ།།

བཟ༵ང་བའི་ཤེས་རིག་གླིང་དུ་བསྐྱལ་བའི་ཨ་མ།།

བཟ༵ང་བཟང་བསམ་དཀར་ཁ་ཏ་བཤད་པའི་ཨ་མ།།

ཁ༵་སེམས་བུ་དང་བུ་མོར་དཀར་བའི་ཨ་མ།།

ཁ༵་ཞེ་གཉིས་མེད་ངང་ནས་གཅེས་པའི་ཨ་མ།།

ཁ༵་འདོན་དགེ་སྦྱོར་ལས་ལ་བརྩོན་པའི་ཨ་མ།།

ཁ༵་སང་དེ་རིང་ཤིན་ཏུ་དྲན་པའི་ཨ་མ།།

ཆུང་དུས༵་ནུ་ཞོ་ཕངས་མེད་སྦྱིན་པའི་ཨ་མ།།

དར་དུས༵་བསླུ་མེད་མཆོག་གསུམ་མཉམ་པའི་ཨ་མ།།

རྒས་དུས༵་དྲིན་ལན་གཞལ་མཐའ་བྲལ་བའི་ཨ་མ།།

དུས༵་གསུམ་བུ་ལ་དཔུང་གཉེན་བྱེད་པའི་ཨ་མ།།

སྐྱིད་དུས་དགོད་སྒྲའི་ཁུད་ན་ལྡེམ་པའི་ཨ་མ།།

སྡུག་དུས་མིག་ཆུའི་ཀློང་ན་འཁྱིལ་བའི་ཨ་མ།།

འཁོར་བའི་རྣང་མར་དྲོད་སྣང་འདྲེན་པའི་ཨ་མ།།

འཇིག་རྟེན་མུན་པ་ཕྲིལ་གྱིས་སེལ་བའི་ཨ་མ།།

༼ གངས་ཆབ་ལྷ་སྲས། ༽