ལུས་ཤ་ཁྲག་གི་མེ་ཏོག་ཨ་མས་གནང་།།
ངག་བྱམས་བརྩེ་ཡི་ཨ་ལན་ཨ་མས་སྟེར།།
ཡིད་བདེ་བ་ཡི་གསོ་སྐྱོང་ཨ་མའི་གནང་།།
དྲིན་གཞལ་མེད་ཀྱི་ཨ་མ་གནམ་གྱི་ཉི།།
ཟས་འོ་མ་ལས་ཅི་ཡང་མི་འཇུ་དུས།།
གོས་གྱོན་པ་ནི་རང་གི་མ་འཇོན་དུས།།
ངག་ཨ་མ་ལས་གཞན་ཞིག་མི་ཐོན་དུས།།
དྲིན་ཨ་མ་ཡིས་བདག་ལས་གཞན་གཅེས་སྒོམ།།
ངག་ཐོག་མ་ཡི་མི་སྐད་ཨ་མས་བསླབ།།
ལུས་ཐོག་མ་ཡི་ལས་གོས་ཨ་མས་གཡོག།
འགྲོ་གོམ་ཁ་ཡི་ཐོག་མ་ཨ་མས་འཁྲིད།།
དྲིན་ཨ་མ་ནི་སློབ་དཔོན་ཐོག་མ་ཡིན།།
ནམ་ཉིན་མཚན་ཀུན་བུ་ཡི་ཆེད་དུ་འདུར།།
དུས་དབྱར་དགུན་བར་བུ་ཡི་ཆེད་དུ་མྱངས།།
ལུས་ཚིགས་དྲུག་གི་སྨྱུག་མ་དེ་ནས་སྒུལ།།
དབུ་གེ་སར་གྱི་ཁ་མདོག་དེ་ནས་སྐྱ།།
གཞི་འཁོར་བ་ཡི་སྡུག་བསྔལ་བུ་དོན་མྱངས།།
སྡུག་སྡིག་སྒྲིབ་ཀྱི་ཁུར་བོ་བུ་དོན་ལྕི།།
གཏམ་མི་ཁ་ཡི་རླུང་བུ་བུ་དོན་གཡུག།།
ཞེ་སྣང་བ་ཡི་སྐྱོ་ངལ་བུ་དོན་བྱུང་།།
ཤི་འཇིག་རྟེན་གྱི་ཁམས་དང་མ་བྲལ་བར།།
བུ་བུ་མོ་ཡིས་ཁ་དོན་ལྟོ་དོན་རྒྱུག །
སྡུག་འཁོར་བ་ཡི་ལ་མོ་རྐང་པས་བརྒལ།།
དྲིན་ཨ་མ་ཁྱེད་མི་ཡུལ་ལྷ་མོ་རེད།།
དྲིན་མཁའ་དབྱིངས་ཀྱི་མཐོ་བ་མཉམ་ནི་ཞིག།
དྲོད་མེ་ཟླུམ་གྱི་ཟླ་ལ་འགྲན་ནི་ཞིག།
ཞེ་ལྷག་བསམ་གྱི་མུན་འཇོམས་མཚུངས་ནི་ཞིག།
དྲིན་ཨ་མ་ལས་ལྷག་ཅིག་ཅི་ཡང་མེད།།
༼ རྡོ་རྗེ་ཐར་ལམ། ༽