ཚེ་སྲོག་ཁེར་འགྲོ་མི་ཡུལ་མགྲོན་བསླེབས་དུས། །
བྱམས་བརྩེ་སྤྱན་ཟུང་བདག་ལ་གཟིགས་དང་ལྷན། །
ངག་འཇམ་ཨ་མའི་བུ་ལོ་མ་ངུ་ཞེས། །
ཐོས་འཛིན་རྣ་བའི་བུ་གར་སྒྲོག་ཁྱོད་དྲན། །
བརྩེ་ཆེན་ཐུགས་ཀྱིས་རཀྟའི་དམར་པོ་ཁུ། །
ཞིམ་མངར་ནུ་ཞོར་བསྐྲུན་ཏེ་བུ་ཕྲུག་ལ། །
ཕངས་མེད་སྦྱིན་པའི་སྣང་ཚུལ་བརྟག་ཙམ་ན། །
ས་ཐོབ་བྱམས་སེམས་བརྩེ་མངའ་ཨ་མ་ཀྱེ། །
འཇམ་པའི་གོས་གཡོག་ཞིམ་པའི་ཟས་བྱིན་ཏེ། །
ཚེ་ཡི་མྱུ་གུ་ལང་ཚོ་མ་རྫོགས་པར། །
དུས་ཀུན་བྱམས་པའི་བུ་ལ་གཅེས་སྐྱོང་བའི། །
བྱམས་ལྡན་མ་ལོ་ཡིད་ཀྱི་ལྷ་མོ་ཡིན། །
བྱམས་བརྩེ་ཉི་མའི་འོད་ལྟར་རླབས་པོ་ཆེས། །
ལྷད་མེད་བུ་ལ་དུས་ཀུན་སྐྱོང་དང་ལྷན། །
བདེ་དགའི་དཔལ་དུ་འབར་བའི་འཚོ་སྦྱིན་པོ། །
མཉམ་མེད་དྲིན་ཆེན་མ་ལོ་སྙིང་གི་ཤ །
སྔོ་ལྗང་གོས་བཟང་རི་ལུང་རྒྱན་སྤྲས་ཤིང་། །
རི་རྩེ་སྨུག་སྤྲིན་འདྲེས་པའི་དབྱར་གཞུང་ན། །
དྲག་ཆར་གློག་དམར་འཁྱུག་པའི་འཇིཊ་སྣང་ཁྲོད། །
བྱམས་བརྩེ་བསིལ་ཟེར་མདངས་ཅན་དྲིན་གྱི་མ། །
གསེར་ལྡན་པང་དུ་ཁ་བའི་འདབ་མ་བསྙིལ། །
གཙང་ཆུ་སྔོན་མོ་འཁྱག་དར་འོག་ཏུ་བཞུར། །
གྲང་ངར་སེར་ག་གས་པའི་དགུན་དུས་སུ། །
དྲིན་གྱི་བདག་མོ་སྐུ་ངལ་མི་ཆེ་འམ། །
ནས་ཀྱི་སྙེ་མའི་མགོ་བོ་ཐུར་དུ་བསྒུར། །
སད་སེར་སྒྲ་ཡིས་མེ་ཏོག་ལང་ཚོ་བཅོམ། །
རོང་པའི་སྟོན་གྱི་ལས་བྲེལ་འཚུབ་ས་ནས། །
བཞིན་རས་རྔུལ་ཆུས་བརླན་པའི་བྱམས་ལྡན་མ། །
ལྗང་ཆུང་མྱུ་གུ་འབུད་པའི་ཞིང་ཁ་མཛེས། །
ནེའུ་གསེང་དཔྱིད་ཀྱི་ཕོ་ཉའི་མགྲིན་གླུ་སྙན། །
ཁམ་སྡོང་མེ་ཏོག་འཛུམ་པའི་དཔྱིད་དུས་ན། །
འབྲུ་དྲུག་དབྱངས་རྟར་འཐེན་པའི་ཆོས་ལྡན་མ། །
དུས་བཞིར་བྱ་བའི་བྲེལ་འཚུབ་ཆེ་ན་ཡང་། །
གཅེས་པའི་བུ་ཕྲུག་མལ་ས་འཇམ་པོ་ཡི། །
རྨི་ལམ་པད་མའི་ཚལ་དུ་སྐྱེལ་བྱས་ཏེ། །
དགའ་བདེ་འཚོ་བ་བྱིན་པའི་ཡུམ་ཆེན་མ། །
ཐོག་མ་རྣམ་ཤེས་འཁྱམས་པོ་བདག་གཉེར་ཞིང་། །
བར་དུ་རྙེད་དཀའི་དལ་འབྱོར་མི་ལུས་བསྐྲུན། །
མཐའ་མ་རབ་བྱུང་གྲལ་དུ་བསྐྱེལ་གྱུར་པའི། །
ཨ་མ་ཁྱེད་ཉིད་སྐུ་ཚེ་ཡུན་བརྟན་ཤོག །
ཞལ་རས་གཉེར་མའི་གྱ་གྱུར་རླབས་ཕྲེང་རྩེན། །
དབུ་ནག་མགོ་བོར་སྐྲ་དཀར་གྲངས་མེད་སྐྱེས། །
དད་འདུན་ཆོས་དང་འབྲལ་མེད་ཡུམ་ཆེན་མ། །
འདི་ཕྱིར་ཆོས་ཀྱི་འབྲས་བཟང་ལེགས་སྨིན་ཤོག །
༼ དབྱངས་ལྡེའུ། ༽