国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞེ་ལ་ཐོགས་པའི་ཨ་མར་བསྐུར་བའི་འཕྲིན།

ང་ནི་རྩོམ་རིག་ཟེར་བའི་སྙན་ངག་ཅིག་འབྲི་བར་དགའ་པོ་ཡོད་ཀྱང་། ཅི་ཡང་མི་འཁྱོལ་པའི་དུས་རེར་ཡང་ཡང་བཙན་གྱིས་འཁང་ར་བྱས་ནས་བྲིས་མྱོང་བའང་ཐེངས་གཅིག་གཉིས་ཤིག་ག་ལ་ཡིན། དོ་ཞག་གི་ཉིན་འདི་དག་ནང་དུ་ང་ལ་ཅི་ཡང་མི་འདུག་སྙམ་པའི་ཚོར་བ་དེ་དག་གི་ཁྲོད་དུ་ཡང་ན་ཚོར་བས་ང་ལ་ཅི་ཡང་མ་གནང་བ་དང་འདྲ་བའི་ངའི་སྙན་ངག་ནི་དབྱར་ཁ་བཞིན་མཛེས་སྡུག་ལྡན་པ་ཞིག་མ་ཡིན་ནོ།། འཚོ་བའི་ཀློང་ནས་རྣམ་གཡེང་དང་ལེ་ལོ་ནི་ངའི་གྲིབ་གཟུགས་ཤིག་ཏུ་ཆགས་ཡོད་ལ། ང་རང་ཧ་ཅང་བློ་དཀར་བའི་ཟོལ་གྱིས་ངའི་རྣམ་ཤེས་ནམ་ཡང་ཁོ་རང་དང་བྲལ་ཐབས་མ་བྱུང་། དེའི་ཕྱིར་ཁོ་བོར་རྣམ་གཡེང་གི་ཚོར་བའི་བར་གསེང་ནས་བརྗོད་ན་འདོད་པའི་ཞོགས་པ་གསར་བའི་ཉི་འོད་འཇམ་པོ་ཞིག་འཆར། ཞོགས་པ་ནི་ངའི་དེ་རིང་གི་རེ་བ་ཡོད་ཚད་ཀྱི་སྟ་གོན་བྱ་སའི་མེ་ཏོག་གི་ས་བོན་ཐོག་མ་གདབ་ས་དེ་ཡིན་པས། ཅི་ནུས་ཀྱིས་སྨུག་ལང་ལོང་ཁྲོད་ནས་ངས་ཉི་འོད་ཀྱི་འདབ་མར་ངོ་གདོང་གླན་བཞིན་ཕྱི་རོལ་གྱི་བྱེའུ་ཆུང་ཆུང་དག་གིས་ཨ་མ་དང་ལྷན་དུ་ཁ་ཟས་འཚོལ་གྱིན་འཕུར་རྩལ་ངོམ་པ་ལ་བལྟས་ན་ས་མཐའི་ཡུལ་ནས་ངས་ཀྱང་ཡིད་ལ་དབང་མེད་དུ་ཨ་མ་འཁོར་ཡོང་། དྲན་པ་ལ་འོད་ལམ་ལམ་འཕྲོ་དུས། ཡུལ་རྒྱང་རིང་མ་ཡིན་ཡང་སེམས་པ་རྒྱང་རིང་དུ་ཐོགས་པའི་ཕ་ཡུལ་བསམས་ན་སེམས་པར་རྨ་ཁ་དོད། དེ་ནི་ཕ་ཡུལ་ལ་དགའ་དྲགས་པས་མིན་ཏེ་ཨ་མ་ཞེས་པའི་བགྲེས་མོ་མགོ་དཀར་ཞིག་གིས་ང་ཡི་ཕྱོགས་སུ་རྒྱང་ལྟ་བྱེད་ཀྱིན་ཡོད་པ་ཚོར་བས་ཡིན།

ཡིན་ནའང་། ཅི་མེད་ཚོར་མེད་ངང་ནས་མུ་མཐུད་དེ་ངས་འཚོ་བའི་མེ་ཁ་བསྒྲོན་ཏེ་རེ་བའི་དུ་བ་སྔོ་ལང་ལོང་མཐའ་ཡས་པའི་ནམ་མཁའ་རུ་གཏང་དགོས་བྱུང་། མེ་ཁ་དེའང་ཞོགས་པའི་ཉི་འོད་བཞིན་དུ་མིག་གིས་ཀྱང་ལྟ་མི་ཐུབ་པའི་གསེར་ལ་འོད་འཕྲོས་པ་འདྲ་བའི་འོད་ཟེར་སྟོང་ལྡན་ཅན་ཞིག་ཡིན་ན་འདོད། དེ་ལྟར་ང་ཡིས་སྒྲོན་པའི་མེ་རི་ལ་ངར་ཁ་ཅི་ལྟར་བཙན་ན་དུ་བའང་དེ་བཞིན་ནམ་མཁའི་དབྱིངས་སུ་འཁྱིལ་ཏེ་སྤྲིན་པ་དང་འདྲེས། རླུང་བུ་གཡུག་ཐེངས་རེ་རེར་སྤྲིན་པ་དེའང་བདག་གི་ཕ་ཡུལ་དུ་གཡུག་འགྲོ། ཕ་ཡུལ་གྱི་ནམ་མཁའི་སྤྲིན་པ་ནི་ཨ་མས་ལྟ་ན་མི་འདོད་པའི་སྐྱ་བོ་ཞིག་ཡིན་སྲིད་ན། ང་ཡིས་མེ་ཁ་ནས་སྒྲོན་པའི་སྤྲིན་པ་དེ་དཀར་ཞིང་པིར་གྱིས་བྲིས་པའི་ཡིད་འོང་དྭངས་གཙང་གི་མཐའ་ཡས་པའི་ལྷ་མཚོའི་མེ་ལོང་ངོས་སུ་ཞལ་རས་སྔོ་མདངས་བཀྲ་བའི་མཛེས་པ་དེ་ཡིན་ན་བསམ། མཛེས་པ་དེ་ནི་ཨ་མའི་སེམས་ཀྱིས་མྱོང་ཐུབ་པའི་སྦྲང་དཀར་རྩམ་པ་དང་འདྲ་བ་ཚེ་གང་གི་ཟས་མཆོག་དེ་ཡིན་ན་སྙམ་པའི་སྨོན་པ་དེ་ང་ཡིས་ནམ་ཡང་བཟོད་ཐབས་མེད་པའི་སེམས་ཀྱི་ན་ཟུག་གཅིག་པུ་དེ་ཡིན་སོང་ངོ་།།

སེམས་ཀྱི་དྲན་ཤིང་དུ་སྦས་ཡོད་པའི་སྟོང་བསམ་དག་ཡང་ཡང་དྲན་ཐེངས་རེ་ལ། ངས་རྣམ་གཡེང་དང་ལེ་ལོ་ཞེས་པའི་གྲོགས་པོ་ཞིག་ཡོད་པ་དེར་ངོ་རྒོལ་ཚོད་མེད་ཅིག་བྱེད་ན་འདོད་ཨང་། ལོ་ངོ་མང་པོ་ཞིག་འདི་ལྟར་གོ་མེད་ཚོར་མེད་དུ་བཞུད་ཤོར་སོང་ན་ཡང་། ཕྱིར་དྲན་ཀློང་གི་སྐྱོ་གླུ་རིང་མོ་མཐའ་དག་སེམས་ཀྱིས་ལེན་གྱིན་འཚོ་བའི་སྐྱིད་སྡུག་ཚང་མ་ཚོར་བར་བརྫུས་ཏེ་གཏམ་རྒྱུད་ཅིག་མུ་མཐུད་དེ་འབྲི་བ་ལས་ཐབས་གཞན་ཅི། ད་ནི་ང་རང་ཅི་ཡང་མི་འགྲུབ་པའི་མི་བུ་འཁྱམ་པོ་ཞིག་ཏུ་གོམས་བཞིན་འདུག། གོམས་གཤིས་འདི་གཞན་གྱིས་རིག་ན་མི་འདོད་པ་ཞིག་ཡིན་སྲིད་པས། ངས་ཞོགས་པ་མང་པོ་ཞིག་ལ་རེ་སྙེག་བྱེད་ཞོར་ཡོད་ཚད་ཇེ་རྒྱས་ཇེ་ལེགས་སུ་འགྱུར་ཆེད། ཕྱི་དྲོའི་ཆར་ཆུའི་ཁྲོད་ཀྱི་འབྲུག་སྒྲ་དང་མཚན་མོ་མུན་པའི་ཀློང་གི་འཇིགས་སྐྲག་འདྲ་བའི་བག་ཕེབས་སོས་དལ་མ་ཡིན་པའི་ངལ་དུབ་ཀྱི་གོམ་ཁ་ནས་ང་རང་རྒྱང་ནས་རྒྱང་དུ་འཕུར་ན་འདོད་པའི་རེ་བ་ཡོད་ཚད་དེ་རིང་གི་ཞོགས་པ་གསར་པའི་ཉི་འོད་ཀྱི་འཛུམ་མདངས་ལ་བཅོལ་ཡོད། འཛུམ་མདངས་ནི་གསེར་བཟང་པོ་དྲི་མ་མེད་པའམ་ལྷད་མ་འདྲེས་པའི་གཡང་ཊི་ཞིག་དང་མཚུངས་པས་ཨ་མ་ལྟ་བུའི་མི་བུ་རླབས་ཆེན་དག་གི་སེམས་ཁོང་དུ་བཞུགས་ཡོད་སྟབས། ཨ་མས་ད་དུང་ངའི་རེ་འདོད་ཡོད་དོ་ཅོག་འགྲུབ་པའི་སྨོན་ལམ་གསོན་པོ་ཞིག་འདེབས་རོགས་ཞེས་ཁོ་བོས་རྒྱང་རིང་ནས་ཁྱེད་ལ་འཕྲིན་ཞིག་བསྐུར་ཡོད་དོ།། ངའི་སེམས་ལ་དུས་རྟག་ཏུ་ཐོགས་པའི་ཨ་མ་ལགས། ༼ འོ་ཟི། ༽