ཀ་དག་ལས་དབང་བཟང་པོའི་ནུས་མཐུ་ལས། །
ཁ་མིན་སེམས་ཀྱིས་བརྩེ་བའི་ཡུམ་ཆེན་གྱིས། །
ག་སོང་སེམས་ཀྱིས་མ་བོར་སྐྱོང་བཞིན་པས། །
ང་ཅག་ཁྱེད་དང་འཕྲད་པར་བསོད་ནམས་ཆེ། །
ཅ་ཅོའི་སྒྲ་གདངས་དབེན་པའི་ངག་རིག་ལྡན། །
ཆ་མཉམ་འཚོ་བའི་ཕྱི་ནང་གཏན་དུ་གཟིགས། །
ཇ་ཡུན་ཙམ་ཡང་མ་འབྲལ་སྐྱོང་བཞིན་པས། །
ཉ་གང་ཟླ་བ་དང་མཚུངས་མཛེས་ཤིང་སྡུག །
ཏ་ལེའི་ལང་ཚོ་དབེན་ཡང་སེམས་སུ་མཛེས། །
ཐ་ཆད་སྤྱོད་ལམ་བོར་ཞིང་བརྩེ་སེམས་ཡངས། །
ད་ལྟའི་མཉམ་འཛོམས་ནང་གི་དགའ་བ་འདི། །
ན་ཆུང་གཞོན་པའི་སེམས་ཀྱི་དགའ་མགུ་ཡིན། །
པ་ཕ་ཁྱེད་གཉིས་དྲིན་ལས་ང་རང་འཚར། །
ཕ་ལོའི་གཡས་གཡོན་སྐྱོབ་མ་ཁྱེད་ཀྱིས་བྱེད། །
བ་མོའི་འོ་མ་ལས་ལྷག་བརྩེ་སེམས་ཀྱང་། །
མ་ལུས་འགྲོ་བ་ཡོངས་ལས་རྙེད་ཐབས་མེད། །
ཙ་ཀུ་ར་སྐྱེས་ལས་ལྷག་འདང་ཞེན་འཚང་། །
ཚ་གྲང་ཐུབ་པའི་སེམས་འདི་ཕྲན་ལ་འབྲེལ། །
ཛ་དྲག་ཆེ་ཆུང་ཅི་རུང་མཚུངས་པར་སྐྱོང་། །
ཝ་ལེའི་བརྩེ་སེམས་འདི་ནི་བརྗིད་ཅིང་ཕྱུག །
ཞ་ཆག་བྲལ་བའི་ལས་ཀྱིས་ངེད་ཅག་བརྩེ། །
ཟ་འཐུང་བཅུད་སྙིང་ཡོད་ཚད་ང་ཚོར་གནང་། །
འ་ཅག་འཕྲད་ནས་ད་བར་སྐྱིད་ཀྱིས་ཁེངས། །
ཡ་ཡོའི་འཚོ་བ་མེད་པས་ཕུན་སུམ་ཚོགས། །
ར་ཆང་མེ་ཏོག་ལྟ་བུས་མདངས་ལྡན་ཞིང་། །
ལ་ལུང་འབུམ་ཕྲག་བརྒལ་ཏེ་ངལ་བས་མནར། །
ཤ་རུས་འཐོར་ལ་ཉེ་བཞིན་མཛའ་བརྩེ་སྟེར། །
ས་ཕྱོགས་གང་དུ་བཞུད་ཀྱང་སེམས་ཀྱིས་སྲུང་། །
ཧ་ཅང་ཁ་ཐག་ཐུང་བའི་དྲིན་ཆེན་མཆོག །
ཨ་མ་ཟླ་བའི་མཚན་ཅན་ཁྱེད་ཉིད་ལགས། །
ཧ་ལམ་དྲིན་ལན་མ་འབྱོར་བུ་རང་གདུང་། །
ཨ་ཕ་ཁྱེད་གཉིས་བདེ་ཕྱིར་སྨོན་ལམ་མང་། །
དབྱངས་གསལ་ཟུང་གིས་གྲུབ་པའི་ཡིག་འབྲུ་ལ། །
འདང་ཞེན་བརྒྱ་སྟོང་ལས་ལྷག་མཆིས་པ་འདི། །
མ་ཡུམ་མཆོག་ལ་ཕུལ་བའི་ལེགས་སྐྱེས་ཤིག །
བུ་ཡི་མིང་ཐོག་བཟུང་པས་སེམས་ཀྱིས་བྲིས། །
༼ ཁམས་འོད་གསལ། ༽
