འཇིག་རྟེན་ཁ་རྒྱ་ཆེ་ཆུང་གང་ཡིན་ཡང་། །
དུས་ཀུན་སྤྱན་ཟུང་བདག་ལ་རབ་ཕྱོགས་པའི། །
ཨ་མ་ལགས་ནི་ཚེ་འདིའི་ལས་དབང་ནང་། །
བརྗེད་པར་དཀའ་བའི་ལས་ཀྱི་ལྗོན་པ་ཡིན། །
རྒྱང་ལ་སོང་ཡང་དྲན་པས་ཟིན་པའི་མ། །
ཉེ་སར་བཅར་ཡང་འདང་འདུན་ཆེ་བའི་མ། །
ཚེ་འདིའི་བསོད་ནམས་ལས་ཀྱི་མེ་ལོང་ནང་། །
ཨ་མ་ལགས་ནི་དུས་བཞིའི་རླུང་བུ་འདྲ། །
བྱིས་དུས་སེམས་སུ་སྐར་ཚོགས་འདྲ་བ་ཡི། །
སྣ་མང་ཤེས་རབ་མེ་ཏོག་མ་བཏབ་ཀྱང་། །
གང་ལྟར་འཇིག་རྟེན་ཆེན་པོའི་ལྗོངས་འདི་རུ། །
བདག་ཉིད་སྐྱེས་པའི་དྲིན་ལན་ནམ་ཞིག་སོད། །
དཔྱིད་གསུམ་རླུང་བུ་གཡུག་པའི་བར་ལམ་ན། །
འདབ་ཆགས་མ་བུ་གནམ་ལ་འཕུར་དུས་སུ། །
བདག་ཀྱང་གཤོག་ཐོགས་བྱ་ཞིག་ཡིན་ན་བསམ། །
ཨ་མའི་དྲིན་ལན་ཕྱོགས་ཙམ་མཇལ་ན་བསམ། །
འཇིག་རྟེན་འཁོར་བའི་ནགས་ཚལ་ཆེན་པོ་རུ། །
སྐྱིད་སྡུག་ཟེར་བ་དབྱར་ཁའི་སྤང་ལྗོངས་འདྲ། །
བདག་ཉིད་བརྩེ་བའི་དྲིན་གྱིས་བསྐྱངས་པའི་མ། །
སེམས་ལ་ཆོས་ཀྱི་སྙིང་པོའི་ངེས་ཤེས་འཚོལ། །
བདག་ལ་མཚོན་ན་ཁྱོད་རང་འབོར་དཀའ་བའི། །
སྐྱེད་མོའི་ཚལ་གྱི་ཞི་བསིལ་རྫིང་བུ་ཡིན། །
སེམས་ལ་ཤར་བའི་ཉི་འོད་ལམ་ལམ་ཡིན། །
དྲན་པའི་དབྱིངས་ཀྱི་སྐར་མ་སྨིན་དྲུག་ཡིན། །
ཚེ་འདིའི་སྐྱིད་སྡུག་བར་གྱི་རི་དྭགས་ཡིན། །
འདང་བརྩེའི་མཚོ་ཆེན་ཞུགས་པའི་ཉ་མོ་ཡིན། །
སེམས་ལ་གཏོང་རག་བཤམས་པའི་ཕོ་ཉ་ཡིན། །
སྐྱི་བསེར་རླུང་བུ་ཞིག་གི་འགྲན་ཡ་ཡིན། །
གཙང་པོ་ལྷུང་ལྷུང་ཞིག་གི་འབབ་ཚུགས་ཡིན། །
རླུང་བུ་བསིལ་མོ་ཞིག་གིས་དོ་ཟླ་ཡིན། །
བརྩེ་འདང་འོབས་སུ་ལྷུང་བའི་རི་མོ་ཡིན། །
བདག་ལ་ལས་ཀྱིས་བསྐོས་པའི་གྲིབ་གཟུགས་ཡིན། །
མ་འོངས་ལོ་ཟླའི་ཀྱག་ཀྱོག་བརྒལ་བའི་ཁྲོད། །
ལུས་ལ་ཚ་གདུང་ན་ཚ་མེད་པར་ཤོག །
སེམས་ལ་སྡུག་བསྔལ་ཆུ་བོ་མ་འདྲེས་ཤོག །
ཐོབ་ཤོར་འཚོ་བའི་དཀའ་ངལ་མེད་པར་ཤོག །
༼ ལྡེའུ་ནག། ༽