རང་ཁུལ་ས་གནས་ཁག་གིས་བྱེད་སྟངས་སྣ་མང་ནས་གནོད་འགོག་གནོད་བསྙུང་དང་འབྲེལ་བའི་
དྲིལ་བསྒྲགས་སློབ་གསོ་དང་གྲབས་སྦྱོང་བྱེད་སྒོ་སྤེལ།
སྤྱི་ཟླ5པའི་ཚེས12ཉིན་ནི་རྒྱལ་ཡོངས་གནོད་འགོག་གནོད་བསྙུང་ཉིན་མོ་ཐེངས17པ་ཡིན་པ་དང་། སྤྱི་ཟླ5པའི་ཚེས12ནས18ཉིན་བར་ནི་གནོད་འགོག་གནོད་བསྙུང་གི་དྲིལ་བསྒྲགས་གཟའ་འཁོར་ཡིན་ཞིང་། ཉིན་ཤས་རིང་རང་ཁུལ་ས་གནས་ཁག་གིས“མི་ཚང་མས་ཉེན་མེད་བཤད་པ་དང་། མི་སོ་སོས་འཚུབ་བསྟུན་བྱེད་ཤེས་པ། ཉེ་འཁོར་གནོད་འཚེའི་མངོན་མེད་རྐྱེན་ངན་ཞིབ་བཤེར་བྱེད་པ”གཙོ་དོན་དུ་བྱས་ཏེ། བྱེད་སྟངས་འདྲ་མིན་ཐོག་ནས་གནོད་འགོག་གནོད་བསྙུང་དྲིལ་བསྒྲགས་སློབ་གསོ་དང་གྲབས་སྦྱོང་གསོ་སྦྱོང་བྱེད་སྒོ་སྤེལ་ནས་མི་རྣམས་ཀྱི་ཚན་རིག་དང་མཐུན་པའི་གནོད་འགོག་འདུ་ཤེས་དང་གནོད་འགོག་རང་སྐྱོབ་ནུས་པ་ཆེ་རུ་བཏང་ཡོད།
དཀར་མཛེས་རྫོང་།
སྤྱི་ཟླ5པའི་ཚེས12ཉིན། དཀར་མཛེས་རྫོང་གནོད་འགོག་གནོད་བསྙུང་རྒུད་སྐྱོབ་ཨུ་ལྷན་གཞུང་ལས་ཁང་གིས་མེ་གསོད་དང་། འགྲིམ་འགྲུལ། ནགས་ཚལ་དང་རྩྭ་ཐང་། རང་བྱུང་ཐོན་ཁུངས་། ཆུ་བེད། དཀར་མཛེས་ས་འགུལ་ལྟ་ཞིབ་ཚད་ལེན་ལྟེ་གནས་ས་ཚུགས་སོགས་སྡེ་ཚན་མང་པོ་བསྡུས་ཏེ་མཉམ་འབྲེལ་ཐོག་གནོད་འགོག་གནོད་བསྙུང་ཉིན་མོའི་གཅིག་བསྡུས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་དེས་གནོད་འགོག་གནོད་བསྙུང་གི་དྲིལ་བསྒྲགས་གཟའ་འཁོར་གོ་སྐབས་སུ་བརྩིས་ཏེ། དྲིལ་བསྒྲགས་བྱེད་སྟངས་འདྲ་མིན་ཐོག་ནས་སྤྱི་ཚོགས་སྤྱི་དམངས་ལ་གནོད་འགོག་གནོད་བསྙུང་ཤེས་བྱ་དྲིལ་བསྒྲགས་བྱས་པ་དང་། གནོད་འཚེའི་དོན་རྐྱེན་འདྲ་མིན་གྱི་སྔོན་འགོག་འཚུབ་བསྟུན་གྱི་གཞི་རྩའི་རྩལ་ནུས་ཁྱབ་གདལ་བཏང་ཡོད།
བྱེད་སྒོའི་ཁྲོད་ལས་སྒྲུབ་མི་སྣས་ཡུལ་དངོས་སུ་འགྲེལ་བཤད་དང་དྲིལ་བསྒྲགས་ཡིག་རིགས་བཀྲམ་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་འགུལ་འགོག་གནོད་བསྙུང་དང་། གནོད་འགོག་ཉེན་གཡོལ། འཚུབ་བསྟུན་རོགས་སྐྱོབ། བགྲོད་ལམ་འགྲིམ་འགྲུལ། བཟའ་བཅའི་ཉེན་མེད་སོགས་ཐད་ཀྱི་ཉེན་མེད་ཤེས་བྱ་ཁྱབ་གདལ་བཏང་ནས་མང་ཚོགས་ལ་ཉེ་འགྲམ་གྱི་གནོད་འཚེའི་ཉེན་ཁ་འདྲ་མིན་ངོས་འཛིན་ཐུབ་པ་དང་འཚུབ་བསྟུན་ཉེན་གཡོལ་དང་རང་སྐྱོབ་རོགས་རེས་ཀྱི་རྩལ་ནུས་ཁོང་དུ་ཆུད་པར་བྱས། ལས་སྒྲུབ་མི་སྣས་གོ་སླ་བའི་སྐད་ཆའི་ཐོག་ནས་ཡུལ་དངོས་སུ“དཀར་མཛེས་མགྱོགས་ཞུ”ཡི་འཕྲིན་ཕྲན་བསྒྲིགས་རིམ་ཆུང་ཆུང་སྤྱོད་སྟངས་བསྒྲགས་པ་དང་འཚུབ་བསྟུན་སྒྲིག་ཆས་འགྲེམས་སྟོན་བྱས། ས་འགུལ་དང་། མེ་སྐྱོན། ས་གཤིས་གནོད་འཚེ་སོགས་གློ་བུར་དུ་བྱུང་བའི་དོན་རྐྱེན་ལ་ཁ་གཏད་གཅོག་ཚུལ་ཐད་འགྲེལ་བཤད་དང་མང་ཚོགས་ཀྱི་གནོད་འགོག་གནོད་བསྙུང་དང་དེ་བཞིན་བདེ་འཇགས་ཐད་ཀྱི་གནད་དོན་ལ་ལན་བརྒྱབ་པ་དང་། མང་ཚོགས་ཀྱི་སྔོན་འགོག་འདུ་ཤེས་ཆེ་རུ་གཏོང་བ་དང་དུས་མཉམ་དུ་མང་ཚོགས་ཀྱི་གནོད་འཚེ་ལ་ཁ་གཏད་བཅག་ནས་སྔོན་འགོག་ནུས་པ་ཆེ་རུ་བཏང་ཞིང་། ཡང་དག་པའི་རང་སྐྱོབ་དང་ཕན་ཚུན་སྐྱོབ་པའི་ཤེས་བྱ་ཁོང་དུ་ཆུད་ཐུབ་པར་བྱས།
ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོའི་ནང་གནོད་འགོག་གནོད་བསྙུང་དང་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་དྲིལ་བསྒྲགས་ཡིག་རིགས3000ལྷག་བཀྲམ་པ་དང་མང་ཚོགས་ཀྱི་འདྲི་རྩད་དོན་ཚན1000ལྷག་ལ་ལན་བཏབ་པ། མང་ཚོགས་ཀྱི་ཉེན་མེད་འདུ་ཤེས་དང་གནོད་འགོག་གནོད་བསྙུང་གི་ནུས་པ་སྔར་བས་ཆེ་རུ་ཕྱིན་ནས་མང་ཚོགས་ཀྱིས་གནོད་འགོག་ལས་དོན་ལ་སེམས་ཁུར་བྱེད་པ་དང་དེའི་ནང་ཞུགས་པའི་ཁོར་ཡུག་བཟང་པོ་བསྐྲུན་ཡོད།
དཔལ་ཡུལ་རྫོང་།
སྤྱི་ཟླ5པའི་ཚེས12ཉིན། དཔལ་ཡུལ་རྫོང་གནོད་འགོག་གནོད་བསྙུང་རྒུད་སྐྱོབ་ཨུ་ལྷན་གཞུང་ལས་ཁང་དང་རྫོང་འཚུབ་བསྟུན་དོ་དམ་ཅུས་ཀྱིས་རྫོང་འགྲིམ་འགྲུལ་དང་། ཆུ་བེད། རང་བྱུང་ཐོན་ཁུངས། མེ་གསོད་སོགས་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ་གྲོང་ཁྱེར་ཐང་ཆེན་དུ“མི་ཚང་མས་ཉེན་མེད་ལ་མཐོང་ཆེན་དང་། མི་ཚང་མས་འཚུབ་བསྟུན་བྱེད་ཤེས་པ། ཉེ་འཁོར་གྱི་གནོད་འཚེའི་མངོན་མེད་རྐྱེན་ངན་ཞིབ་བཤེར་བྱེད་པ”གཙོ་དོན་དུ་བྱས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།
བྱེད་སྒོ་སྤེལ་ཡུལ་དུ་སྡེ་ཚན་ཁག་གི་ལས་སྒྲུབ་མི་སྣས་དྲིལ་བསྒྲགས་སྦྱར་ཡིག་འགེབས་པ་དང་། ཡུལ་དངོས་སུ་དོགས་འདྲི་སེལ་བ། དྲིལ་བསྒྲགས་ཡིག་རིགས་སྤྲོད་པ་སོགས་བྱ་ཐབས་བརྒྱུད་དེ་རྒྱ་ཆེ་བའི་མང་ཚོགས་ལ་ས་འགུལ་དང་། མེ་སྐྱོན། ཆུ་ལོག་སོགས་རྒྱུན་མཐོང་གི་རང་བྱུང་གནོད་འཚེར་ཁ་གཏད་གཅོག་ཐབས་དང་དེ་བཞིན་ཁྱིམ་དུ་གློག་དང་། སོལ་རླངས། མེ་བཅས་སྤྱོད་པར་དོ་སྣང་བྱ་དགོས་པའི་དོན་ཚན་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་ལ་རྒྱུན་གཏན་གྱི་ཞིབ་ཕྲ་ནས་འགོ་བཙུགས་ཏེ་རང་འགུལ་ངང་ཉེ་འཁོར་གྱི་མི་མངོན་པའི་ཉེན་ཁར་ཞིབ་བཤེར་བྱ་དགོས་པར་དྲན་སྐུལ་བྱས།
རྫོང་འཚུབ་བསྟུན་དོ་དམ་ཅུས་ཀྱི་ལས་དོན་མི་སྣ་པད་མ་བཟང་པོས་ད་ཐེངས་རྒྱལ་ཡོངས་ཀྱི་གནོད་འགོག་གནོད་བསྙུང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དེས་རྫོང་ཡོངས་སུ“མི་ཚང་མས་ཉེན་མེད་ལ་མཐོང་ཆེན་བྱེད་པ་དང་། མི་ཚང་མས་འཚུབ་བསྟུན་བྱེད་ཤེས་པའི་ཁོར་ཡུག་བཟང་པོ་བསྐྲུན་ནས་མང་ཚོགས་ཀྱི་གནོད་འགོག་གནོད་བསྙུང་འདུ་ཤེས་དང་རང་སྐྱོབ་ཕན་ཚུན་སྐྱོབ་པའི་རྩལ་ནུས་ཆེ་རུ་ཕྱིན་ཡོད་ལ་རྫོང་ཡོངས་ཀྱི་ཉེན་མེད་འགོག་སྲུང་དང་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་འཛུགས་པར་རྨང་གཞི་བརྟན་པོ་ཞིག་ཀྱང་བཏིང་ཡོད་ཅེས་ངོ་སྤྲོད་བྱས། ཕྱིན་ཆད་དཔལ་ཡུལ་རྫོང་གིས་གནོད་འགོག་གནོད་བསྙུང་གི་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་མུ་མཐུད་དེ་ཤུགས་བརྒྱབ་ནས་དྲིལ་བསྒྲགས་བྱེད་སྟངས་དང་དྲིལ་བསྒྲགས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་འཚུབ་བསྟུན་ཤེས་བྱའི་ཁྱབ་ཚད་མཐོ་རུ་གཏང་རྒྱུ་ཡིན་པ་རེད།
ཕྱག་ཕྲེང་རྫོང་།
སྤྱི་ཟླ5པའི་ཚེས12ཉིན། ཕྱག་ཕྲེང་རྫོང་གིས་ཤམ་བྷ་ལ་སྤྲོ་གསེང་ཐང་ཆེན་དང་དེ་བཞིན་རྫོང་ཁོངས་ཀྱི་སློབ་གྲྭ་ཁག་ཏུ་བྱེད་སྟངས་འདྲ་མིན་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་མང་ཚོགས་ཀྱི་གནོད་འགོག་གནོད་བསྙུང་འདུ་ཤེས་དང་རང་སྐྱོབ་དང་ཕན་ཚུན་སྐྱོབ་པའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་།
སྔ་དྲོའི་ཆུ་ཚོད9པར་ཤམ་བྷ་ལ་སྤྲོ་གསེང་ཐང་ཆེན་དུ་མི་ཚོགས་ཀྱིས་ཁེངས་པ་དང་དྲིལ་བསྒྲགས་སྦྱར་ཡིག་བཀལ་ཤིང་གནོད་འགོག་གནོད་བསྙུང་ཤེས་བྱའི་འགྲེམས་པང་སྣ་ཚོགས་བསྒྲིགས་ཡོད། བྱེད་སྒོ་སྤེལ་ཡུལ་དུ་མེ་གསོད་ཡོ་བྱད་མྱོང་རོལ་ཁུལ་དང་གནོད་འཚེའི་མངོན་མེད་རྐྱེན་ངན་ཞིབ་བཤེར་མཉམ་འགུལ་ཁུལ་སོགས་བཙུགས་ནས་མང་ཚོགས་དེའི་ནང་ཞུགས་ཡོད།
མེ་གསོད་མྱོང་རོལ་ཁུལ་དུ་མི་རྣམས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་ནི་སྦྲ་གུར་ནང་མེ་གསོད་དུ་སྨུག་ཁེངས་ཤིང་། མྱོང་རོལ་ནང་ཞུགས་པའི་མང་ཚོགས་ཀྱིས་ལས་སྒྲུབ་མི་སྣའི་མཛུབ་ཁྲིད་འོག་ལག་ཕྱིས་བརླན་པས་ཁ་སྣ་བཀབ་ནས་མདུན་དུ་བསྐྱོད་དེ་སྨུག་པས་ཁེངས་པའི་བགྲོད་ལམ་བརྒྱུད་དགོས་པ་དེ་རེད། མང་ཚོགས་མི་ཉུང་བ་ཞིག་གིས་མྱོང་རོལ་བྱས་རྗེས། ང་ཚོས་མེ་སྐྱོན་ལས་ཐར་བའི་གཙོ་གནད་འགྲེལ་བཤད་ཁོ་ན་ལ་ཉན་པ་ལས་འདི་འདྲ་བྱས་ན་བག་ཆགས་ཧ་ཅང་གཏིང་ཟབ་འདུག་ཅེས་བཤད། མེ་གསོད་ཆས་བེད་སྤྱོད་མྱོང་རོལ་ཁུལ་དུ། མེ་གསོད་མཁན་གྱིས་མང་ཚོགས་གདན་དྲངས་ནས་ལག་ལེན་བཀོལ་སྤྱོད་བྱ་རུ་བཅུག། ཆེད་ལས་མཛུབ་སྟོན་འོག། ཡུལ་མི་མི་ཉུང་བ་ཞིག་གིས་མེ་གསོད་གྲབས་སྦྱོང་ལེགས་འགྲུབ་བྱུང་སྟེ། ད་ཐེངས་དངོས་གནས་ཡག་པོ་སྦྱང་རྒྱུ་རག་བྱུང་ཞེས་བཤད།
བྱེད་སྒོ་སྤེལ་ཡུལ་དུ་ད་དུང་བློ་འདྲི་སྟེགས་བུ་མང་པོ་བཙུགས་ཡོད། འཚུབ་བསྟུན་དོ་དམ་དང་། རང་བྱུང་ཐོན་ཁུངས། ཆུ་བེད་སོགས་སྡེ་ཚན་གྱི་ལས་དོན་མི་སྣས་ངང་རྒྱུད་རིང་པོས་མང་ཚོགས་ཀྱི་དོགས་འདྲི་ལ་ལན་འདེབས་པར་མ་ཟད། འགྲོ་འོང་བྱེད་མཁན་ཡུལ་མིར་ས་གཤིས་གནོད་འཚེ་དང་། ཆུ་ཐན་གནོད་སྐྱོན། འགུལ་འགོག་གནོད་བསྙུང་སོགས་ཀྱི་དྲིལ་བསྒྲགས་ཡིག་རིགས་བཀྲམ་པ་དང་། ལས་དོན་མི་སྣས་དཔེ་མཚོན་དང་ཟུང་དུ་སྦྲེལ་ནས་གནོད་འཚེ་སྔོན་འགོག་དང་ཁ་གཏད་གཅོག་ཐབས་སྐོར་གསལ་བཤད་ཞིབ་ཕྲ་བྱས།
འདྲི་རྩད་ལ་ཡོང་བའི་མང་ཚོགས་བཀྲ་ཤིས་ཚེ་རིང་གིས་བྱེད་སྒོ་འདི་འདྲར་དོན་སྙིང་ཆེན་པོ་འདུག། ང་ཚོས་མེ་ཟོན་གནོད་འགོག་སྐོར་གྱི་དངོས་སྤྱོད་ཤེས་བྱ་མང་པོ་ཤེས་སོང་། རྗེས་སུ་གནོད་འཚེ་དང་འཕྲད་ཚེ་བེད་སྤྱོད་བྱེད་ཆོག་ས་རེད་ཅེས་བཤད།
བྱེད་སྒོ་དེ་ད་དུང་རྫོང་སློབ་འབྲིང་སོགས་སློབ་གྲྭ་མང་པོར་སྤེལ་ཏེ་སློབ་གསོའི་ཆུ་ཚད་དང་ལོ་ཚོད་མི་འདྲ་བའི་སློབ་མར་དམིགས་ནས་ལས་དོན་མི་སྣས་འཚུབ་བསྟུན་ཉེན་འགོག་རྩལ་ནུས་དང་ས་འགུལ་ཉེན་འགོག་ཤེས་བྱའི་ཚན་རིག་ཁྱབ་གདལ་བཏང་བར་མ་ཟད། དྲིལ་བསྒྲགས་ཡིག་རིགས་སྤྲད་ནས་སློབ་མ་ཚོའི་འགུལ་འགོག་དང་གནོད་བསྙུང་འདུ་ཤེས་ཟབ་ཏུ་བཏང་ཡོད། རྫོང་སློབ་འབྲིང་གི་སློབ་མ་ལིའུ་ཀྲུའོ་ཐིང་གིས་དགའ་སྤྲོའི་ངང་དེ་རིང་ཉེན་གཡོལ་ནུས་རྩལ་མང་པོ་ཤེས་བྱུང་བས། རང་ཉིད་ལ་ཉེ་འགྲམ་གྱི་མི་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་སྔར་ལས་ཆེ་བ་ཡོད་པའི་ཚོར་བ་སྐྱེས་བྱུང་ཞེས་བཤད།
འཚུབ་བསྟུན་ཅུས་ཀྱི་ལས་དོན་མི་སྣ་ཆོས་འཕེལ་གྱིས་ད་ཐེངས་ཀྱི་གཅིག་བསྡུས་དྲིལ་བསྒྲགས་བྱེད་སྒོ་བརྒྱུད་མང་ཚོགས་དེ་བས་མང་པོས་གནོད་འགོག་གནོད་བསྙུང་ཤེས་བྱ་གོ་ཐུབ་པ་དང་ཚང་མའི་ཉེན་མེད་འདུ་ཤེས་དང་གནོད་འཚེ་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་ཕྱིན་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
ད་ཐེངས་ཀྱི་གནོད་འགོག་གནོད་བསྙུང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་དེས་གནོད་འགོག་གནོད་བསྙུང་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་ཤུགས་དང་ཕྱོགས་བསྡུས་གནོད་འགོག་ནུས་པ་དང་རང་སྐྱོབ་དང་ཕན་ཚུན་སྐྱོབ་པའི་རྩལ་ནུས་ཆེ་རུ་བཏང་སྟེ། སྤྱི་དམངས་ཀྱི་གནོད་འཚེའི་ཉེན་ཁའི་འདུ་ཤེས་དང་གནོད་འགོག་གནོད་བསྙུང་འདུ་ཤེས་ཆེ་རུ་ཕྱིན་ཡོད། འབྱུང་འགྱུར་ཕྱག་ཕྲེང་རྫོང་གིས་གནོད་འགོག་གནོད་བསྙུང་ལས་དོན་ལ་མུ་མཐུད་ཤུགས་བརྒྱབ་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་སྲུང་སྐྱོང་བྱ་རྒྱུ་ཡིན་པ་རེད།། ( ཀུན་དགས་བསྒྱུར།)