国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ས་གཤིས་གནོད་འགོག་དང་ཉེན་གཡོལ་གྱི་རྒྱུན་ཤེས་ཉུང་ངུ།

ས་ངོས་རྡིབ་སྐབས་རང་སྐྱོབ་ཇི་ལྟར་བྱ་དགོས།

ས་ངོས་རྡིབ་པའི་གནས་ཚུལ་ནི་རྒྱུན་དུ་ས་འོག་སྔོག་འདོན་ཁུལ་དང་ཡང་ན་ཁཱ་སི་ཐེ་ས་ཁུལ་ལ་འབྱུང་སླ་བ་ཡིན། ས་ངོས་རྡིབ་པ་ནི་ས་ངོས་མགྱོགས་མྱུར་ངང་དབྱིབས་འགྱུར་ནས་མར་རྡིབ་པ་ཞིག་རེད།

གལ་ཏེ་ཁྲོན་པ་དང་ཆུ་མིག་གློ་བུར་དུ་སྐམ་པའམ་ཡང་ན་རྙོག་པོར་གྱུར་པ། བྱེ་མ་ཕྱིར་འབྱུང་བ། ཆུ་ཚད་གློ་བུར་དུ་མར་ཆག་པ་དང་། ས་ངོས་ལས་འགུལ་སྒྲ་ཐོས་པ། རྒྱ་ཆུང་ངུའི་ས་ངོས་རྡིབ་པ། དབྱིབས་གོར་གོར་ངང་ས་ངོས་གས་ནས་རྡིབ་པ་དང་། འཛུགས་སྐྲུན་དངོས་པོ་གསེག་གསེག་གྱུར་པ་དང་གས་པ། ས་ངོས་ཀྱི་ཆུ་ལས་ལྦུ་བ་དང་ཆུ་ལྦུག། འཁྱིལ་རྒྱུག་བཅས་འབྱུང་བ། ས་འོག་གི་ས་རིམ་རྡིབ་པའི་སྒྲ་ཕྲན་བུ་ཐོས་པ་སོགས་ཀྱི་སྣང་ཚུལ་འབྱུང་བ་ན་ས་ངོས་རྡིབ་པའི་རྟགས་ཡིན། ཉེན་ཁར་གཡོལ་ནས་རང་སྐྱོབ་ཇི་ལྟར་བྱ་དགོས་པ་རེད་ཟེར་ན། ཐོག་མར་ལག་པ་གཉིས་ཀྱིས་མགོ་འཇུས་པ་དང་ངོ་གདོང་སྲུང་བ། ཙོག་པུར་བསྡད་ནས་པུས་མོ་གཉིས་ཀྱི་བར་དུ་གདོང་སྦས་ཏེ། རང་ཉིད་ལ་དབུགས་འབྱིན་རྔུབ་ཀྱི་བར་སྟོང་ཚད་ཆེ་ཤོས་སོར་འཇོག་བྱ་དགོས། དེ་དུས་སེམས་ཚབ་འཚུབ་མེད་པ་ལྷོད་ལྷོད་བྱ་དགོས། ལུས་པོ་གཟབ་ནན་གྱིས་སྤོ་འགུལ་བྱ་དགོས་ལ། རྡིབ་པའི་དངོས་པོ་དེ་བས་ཆེན་པོས་ཡང་བསྐྱར་རང་ཉིད་ལ་གནོད་འཚེ་མི་འབྱུང་བར་སྔོན་འགོག་བྱ་དགོས། གལ་ཏེ་རླངས་འཁོར་ས་ངོས་རྡིབ་པའི་ནང་དུ་ལྷུང་ཚེ། རླངས་འཁོར་བརྟན་པོ་ཆགས་རྗེས་མྱུར་དུ་སྐྱོབ་ཐག་བཀྲལ་ནས་སྒེའུ་ཁུང་གཏོར་ཏེ་ཕྱིར་བུད་ནས་བྲོས་བྱོལ་གྱི་ལམ་ཐིག་འཚོལ་དགོས།

རི་ཉིལ་བ་དང་འཕྲད་ན་སྔོན་འགོག་རང་སྐྱོབ་ཇི་ལྟར་བྱ་དགོས།

རི་ཉིལ་གྱིས་འཛུགས་སྐྲུན་དང་འགྲོ་ལམ། སྒྲིག་བཀོད་སྣ་ཚོགས་སོགས་གཏོར་བརླག་བྱེད་སྲིད་པས། མི་དང་ཕྱུགས་རིགས་ལ་གནོད་འཚེ་གཏོང་བ། གྲོང་གསེབ་དང་གྲོང་ཁྱེར། གྲོང་རྡལ་བཅས་ལ་གཏོར་བརླག་རང་བཞིན་གྱི་གནོད་འཚེ་བཟོ་སྲིད།

རི་ཉིལ་མ་འབྱུང་བའི་སྔོན་དུ། གཤམ་གྱི་སྔོན་ལྟས་འདི་དག་ལ་བརྟེན་ནས་ངོས་འཛིན་བྱེད་ཆོག་པ་སྟེ། ཆུ་མིག་གི་ཆུའི་བཞུར་ཚད་རྒྱུན་ལྡན་མིན་པ་དང་། ཆུ་མིག་དང་ཁྲོན་པའི་ཆུ་སླར་གསོ་དང་སྐམ་པ། ཆུ་ཚད་གློ་བུར་དུ་འགྱུར་བ། ཁང་བའི་གྱང་དང་ཆུ་རགས་ལ་གས་སྲུབས་བྱུང་བར་མ་ཟད། གས་སྲུབས་རིམ་བཞིན་ཇེ་ཆེ་ཇེ་ཟབ་ཏུ་འགྲོ་བ། མཐའ་འཁོར་གྱི་བྲག་རི(ས་རྡོ)ཚད་ཆུང་ངུ་རྡིབ་པ་དང་ལྷོད་པའི་སྣང་ཚུལ་ཐོན་པ་དང་། བྲག་རྡོ་གས་པའམ་བཙིར་བའི་སྒྲ་གྲག་པ། སྲོག་ཆགས་ལ་འཇིགས་སྣང་སྐྱེས་པ་དང་། ཤིང་སྡོང་གསེག་གསེག་གྱུར་པ་དང་སྐམ་པ་སོགས་ཀྱི་སྣང་ཚུལ་ཐོན་པ་རེད།

རི་ཉིལ་བའི་གནས་ཚུལ་ལ་འཕྲད་ན་ཅི་ལྟར་བྱ་དགོས། དང་པོ། རི་ཉིལ་སའི་སྟེང་དུ་ཡོད་ཚེ། མགྱོགས་མྱུར་ངང་རི་ལྡེབས་གཞོགས་གཉིས་ཀྱི་གཏན་འཇགས་ས་ཁུལ་དུ་འབྲོས་དགོས། གཉིས་པ། རི་ཉིལ་ས་དཀྱིལ་དུ་ཡོད་ནས་འབྲོས་ཐབས་བྲལ་བའི་སྐབས་སུ། གཟར་ཚད་ཅུང་ཞན་ཞིང་རྒྱ་ཆེ་བའི་ས་ཆ་ཞིག་བཙལ་ནས་བསྡད་དགོས། ཁང་པ་དང་གློག་སྡོང་སོགས་དང་ཐག་ཉེ་སར་བསྡད་མི་རུང་། གསུམ་པ། རི་ཉིལ་སའི་མདུན་ཕྱོགས་སུ་གནས་སྐབས། མགྱོགས་མྱུར་ངང་ཕྱོགས་གཉིས་སུ་འབྲོས་དགོས།།

( སྐལ་བཟང་རྒྱ་མཚོས་བསྡུས།)