国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལེགས་སྐྱེས།

སློབ་གྲྭར་ཆས་པའི་ལམ་བར་དུ།

ངས་རང་གི་གྲིབ་མ་ལ་གཤོག་པ་ཞིག་བྲིས།

དེ་ནི་སྙིང་ཉེ་བ་ཞིག་ཡིན་པས།

ངས་རང་ལ་མི་ཚེའི་ལེགས་སྐྱེས་སུ་ཕུལ།

ང་རང་སློབ་གྲྭར་སླེབས་རྗེས།

ལམ་བར་དུ་བྲིས་པའི་གཤོག་པ་བཞིན།

སློབ་གྲྭ་ནི་འཕུར་འདོད་ཀྱིས་བྲེལ་བའི་རི་མོ་ཞིག་སྟེ།

ལྷད་མེད་དྭངས་གཙང་གིས་བྲིས་པའི།

ཐུན་མོང་མ་ཡིན་པའི་ལོངས་སྤྱོད་ཅིག་ཡིན་པ་གཞི་ནས་ཚོར།

ལང་ཚོའི་གཟི་མདངས་རྒྱས་པའི་སློབ་གྲྭ་ནས།

ཉི་མ་དང་ཟླ་བ་མ་བྲི་པའི་སྔོན་ལ།

སྤྲིན་པ་དང་ཆར་པ་མ་བྲི་པའི་སྔོན་ལ།

ཁ་བ་དང་བུ་ཡུག་མ་བྲི་པའི་སྔོན་ལ།

སྐར་ཚོགས་དང་མཚན་མོ་མ་བྲི་པའི་སྔོན་ལ།

ཤོག་བྱ་ལྟ་བུའི་གཞོན་པའི་སྣང་བ་བཅོལ་ས་སྟེ།

ངས་མཐིང་མདོག་གི་ནམ་མཁའ་ཞིག་བྲིས་པ་ཡིན།

སློབ་གྲྭར་འགྲིམ་པའི་ལེའུ་དུ་མ་ཞིག་རྫོགས་རྗེས།

ངེས་མེད་ཀྱི་གནས་ཡུལ་གང་ཞིག་ནས།

འབྲི་ཤོག་གསར་པ་ཞིག་ཁ་ཕྱེས་ཏེ།

ངས་སླར་ཡང་ཅི་ཞིག་འབྲི་རྩིས་བྱེད་དུས།

རྒྱུ་མཚན་དང་འགྲེལ་བཤད་དམིགས་བསལ་མེད་པར།

གྲོང་ཁྱེར་དང་མི་ཚོགས་འབྲི་མི་འདོད།

གཞུང་ལམ་དང་རླངས་འཁོར་འབྲི་མི་འདོད།

ཕ་ཡུལ་དང་གཉེན་ཉེ་འབྲི་མི་འདོད།

གྲུབ་མཐའ་དང་ལ་རྒྱ་འབྲི་མི་འདོད།

ངས་སྔར་བཞིན་གཤོག་པ་དང་ནམ་མཁའ་ཁོ་ནར་འབྲི་འདོད།

དེ་ལྟ་ན། ངའི་ཕུགས་བསམ་ལ་མཐའ་མེད་པ་བཞིན།

ལག་ཏུ་ཐོགས་པའི་པིར་སྨྱུག་ལའང་ཟད་པ་མི་འདུག།

སློབ་གྲྭ་ནས་ཕྱིར་ལོག་པའི་གོམ་འགྲོས་ཀྱི་ལམ་ནས།

ངས་རང་གིས་བྲིས་པའི་ནམ་མཁའ་དང་།

དེའི་ངོས་སུ་ལྡིང་སྐོར་རྒྱག་གིན་པའི་གཤོག་པ་མཐོང་བྱུང་།

དེ་ནི་ཧ་ཅང་ཡིད་དུ་འོང་བ་ཞིག་ཡིན་ཏེ།

སློབ་གྲྭས་ཆེད་དུ་ང་ལ་གནང་བའི་ལེགས་སྐྱེས་ཡིན་འདུག།

༼ ལྷ་ཚང་ཚུལ་བསྟན། ༽