国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཉིན་གཅིག་གི་འགྲུལ་བཞུད།

ན་ནིང་དགུན་ཁ་སྟེ་སློབ་གྲྭ་དང་ལས་ཁུངས་སོ་སོའི་ལས་འཁྱུར་ངལ་གསོ་བཞག་རྗེས། ཉིན་ཞིག་ལ་ང་དང་ངའི་གཅུང་པོ་ངེད་གཉིས་མཁོ་ཆས་འགའ་ཉོ་རུ་རྫོང་ཐོག་ལ་འགྲོ་གྲབས་བྱས་པ་ཡིན། ང་ཚོའི་གྲོང་རྡལ་ནས་རྫོང་ཐོག་ལ་ཐག་རིང་པོ་དེ་ཙམ་མེད་ནའང་། གཞུང་ལམ་ཅུང་ཙམ་དོག་པོ་ཡིན་པ་དང་ཀྱོག་ལམ་མང་བའི་རྐྱེན་གྱིས་སྤྱིར་བཏང་རླངས་འཁོར་དུས་ཚོད་རིང་ན་གཉིས་དང་ཐུང་ན་གཅིག་དང་ཕྱེད་ཀ་ཙམ་གྱི་རིང་ལ་འགྲོ་དགོས།ལྷག་པར་དུ་གནམ་གཤིས་མི་བཟང་པ་དང་ཁ་བ་བབས་ཡུན་རིང་བ་སོགས་ཀྱི་གནས་ཚུལ་ཡོད་ཚེ་རླངས་འཁོར་དུས་ཚོད་གསུམ་གྱི་རིང་དུའང་འགྲོ་དགོས་པ་རེད། དེར་བརྟེན་གཅུང་པོ་ངེད་གཉིས་ཀྱིས་དེང་རབས་རྟགས་ཅན་གྱི་རླངས་འཁོར་བསྐོར་ནས་ལམ་དུ་ཞུགས་པ་ཡིན། གཅུང་པོས་ཁ་ལོ་བསྒྱུར་ཅིང་ང་ཁོའི་ཟུར་དུ་བསྡད་ཡོད། གཅུང་པོས་མདུན་གྱི་སྒྲ་སྡུད་འཕྲུལ་ཆས་ལ་ལག་པས་རེག་ཙམ་བྱས་པས་རྒྱ་གཞས་སྙན་མོ་ཞིག་གིས་ཡོངས་སུ་ཁེངས། ངས་ཁོ་ལ་རྒྱ་གཞས་འདི་སྙན་མོད། འོན་ཀྱང་ནང་དོན་གསལ་པོ་ཞིག་མི་གོ་པས་གཡུ་འབྲུག་ཚན་སྡེབ་ཚང་གི་གཞས་ཤིག་ལ་རྗེས་ཞེས་རེ་བ་བཏོན་པ་ཡིན། དེ་ལྟར་འུ་གཉིས་གཡུ་འབྲུག་ཚན་སྡེབ་ཚང་གི“ཕ་ཡུལ་གྱི་བརྩེ་བ”ཞེས་པའི་གཞས་ལ་ཉན་ཞོར་ཁ་བརྡ་གློད་ཞོར་ལམ་ལ་ཆས།གནམ་ངོ་རུབ་ཅིང་གནམ་གཤིས་ཧ་ཅང་གྲང་བས་གཅུང་པོས་དྲོད་སྙོམས་འཕྲུལ་ཆས་སྒོ་ཕྱེ། ཅུང་མ་འགོར་བར་ང་རང་གཉིད་ཀྱིས་བཟི་སོང་། གཅུང་པོ་ཡང་གཉིད་ཀྱིས་དུབ་སྟེ་མིག་མཐའ་རབ་རིབ་ཏུ་གྱུར། ཁོས་གློ་བུར་དུ་རླངས་འཁོར་ལམ་གྱི་གད་ཀ་རུ་ལྷུང་བར་དོགས་ནས་འཁོར་དགག་ཤུགས་ཀྱིས་མནན་པས་ང་རང་དེ་མ་ཐག་དངངས་སྐྲག་དང་བཅས་གཉིད་ཀྱི་བཟི་ལས་དྭངས། ངས་སྐྱོབ་ཐག་བཅིངས་མེད་པས་མགོ་བོ་རླངས་འཁོར་གྱི་སྒེའུ་ཁུང་ལ་བརྒྱབ་སོང་། གཅུང་པོས་ང་ལ་སྐྱོབ་ཐག་མ་བརྒྱབ་པ་ལ་གཤེ་གཤེ་བཏང་། གཅུང་པོ་ནི་ང་ལས་རིག་གནས་མཁས་པར་མ་ཟད་ཁོས་ཁ་ལོ་ལག་ཁྱེར་བླངས་ཟིན་པས་འགྲིམ་འགྲུལ་བདེ་སྲུང་སྐོར་གྱི་ཤེས་བྱ་གང་ཡོད་མཐར་སོན་པར་ཁོང་དུ་ཆུད་མེད་ནའང་ང་ལྟ་བུ་མགོ་བོ་རྨོངས་པ་དེ་འདྲ་མིན། ཁོས་ང་ལ་སྐྱོབ་ཐག་བཅིངས་པའི་དགེ་མཚན་དང་མ་བཅིངས་པའི་སྐྱོན་ཆ་སོགས་བཤད་པའི་ཤེས་བྱ་མང་པོ་ཞིག་ངའི་རྣ་བའི་བུ་ག་བརྒྱུད་དེ་སེམས་ཀྱི་གཏིང་དུ་ཟུག།

གཅུང་པོ་ངེད་གཉིས་ཚབ་བེ་འཚུབ་བེ་ངང་རླངས་འཁོར་ལས་མར་བབས། གཉིད་ཀྱི་མུན་པ་དྭངས་ཆེད་རླུང་ཁྲོད་དུ་ཡུད་ཙམ་ལ་ལངས། དེ་ནས་སླར་ཡང་སྔར་བཞིན་ལམ་དུ་ཆས་པ་ཡིན། ལམ་ཕྱེད་ཙམ་ལ་སླེབས་རྗེས་ཁ་བ་འབབ་གྲབས་ཀྱིས་གནམ་ངོ་སྔར་ལས་ཀྱང་ནག་འཐིབས་སེར་གྱུར། ངེད་གཉིས་སེམས་ཁྲལ་ལྷག་མ་ཞིག་གིས་ཡོངས་སུ་བསྒུལ་ཏེ་ལམ་དུ་ཆས་པ་ན་ཆུ་ཚོད་གཅིག་མ་ཟིན་གོང་རྫོང་ཐོག་ཏུ་འབྱོར་བྱུང་། དེ་རྗེས་ངེད་གཉིས་ཀྱིས་བོད་ཟས་ཁང་ཞིག་བཙལ་ནས་ཟ་མ་ཡིད་ཚིམས་པ་ཞིག་བཟོས། རྫོང་ཐོག་ཏུ་འགྲིམ་འགྲུལ་བརྡ་རྟགས་ཡོད་པས་བརྡ་རྟགས་ཀྱི་ཕྱོགས་སྟོན་ལྟར་རླངས་འཁོར་རྣམས་ར་ཟམ་སྟེང་ནས་གཤར་བའི་དཔེ་བཞིན་གཅིག་རྗེས་གཅིག་མཐུད་དེ་རྒྱུ། ཁ་བ་ཟམ་མི་ཟིམ་མི་འབབ་བཞིན་ཡོད་པས་གཅུང་པོ་ངེད་གཉིས་སེམས་ལ་འཚུབ་ཆ་ལང་ཞོར་མཁོ་ཆས་ཉོ་སྒྲུབ་ཏུ་ཚོང་ཁང་ཉུལ། ངེད་གཉིས་གློག་ཆས་ཚོང་ཁང་ཞིག་ཏུ་སོང་ནས་འཕྲུལ་འཁོར་གྱི་ལྷུ་ལག་གཅིག་གི་རིན་གོང་གང་ཡིན་འདྲི་བཞིན་པའི་སྐབས་དེར། གློ་བུར་དུ་ཕྱི་ལོགས་ནས་འུར་ཟིང་གིས་ཁེངས་བྱུང་། གཅུང་པོ་ངེད་གཉིས་དང་ད་དུང་ཚོང་ཁང་ནང་གི་མགྲོན་པོ་གཞན་རྣམས་མྱུར་སྟབས་ཀྱིས་སྒོར་བུད་པ་ན། གཞུང་ལམ་ངོས་སུ་ཁ་བ་ཅུང་ཙམ་ཆགས་ཡོད་རྐྱེན་བུད་མེད་འཕྲུལ་རྟ་ཅན་ཞིག་གིས་གཞུང་ལམ་གྱི་འགྲམ་ངོགས་སུ་བཞག་པའི་རླངས་འཁོར་ཞིག་གི་གཞུག་མ་ལ་ཕོག་ཤོར་འདུག་མོད། ཡིན་ནའང་ཕན་ཚུན་གྱི་འཕྲུལ་ཆ་ལ་ཆག་སྐྱོན་ཅུང་ཙམ་ཤོར་བ་ལས་མོ་རང་ཐང་ལ་བརྒྱབ་ཀྱང་མགོ་ལ་སྐྱོབ་ཞྭ་གྱོན་ཡོད་ཕྱིར་ཉེན་ཁ་གང་ཡང་བྱུང་མི་འདུག། གཞོགས་ཀྱི་མི་རྣམས་ཀྱིས་འུར་ཟིང་དང་བཅས་འཕྲུལ་རྟ་ཐང་ལས་ཡར་བསླངས་པས་དེ་མ་ཐག་འགྲིམ་འགྲུལ་ཉེན་རྟོག་པ་རྣམས་སྐད་ཅིག་གིས་སླེབས་བྱུང་། དེར་ཉེན་ཁ་ཅི་ཞིག་བྱུང་ཡོད་མེད་ཀྱི་རྟོག་ཞིབ་བྱས་མཐར་བུད་མེད་དེ་ལ་འབྱུང་འགྱུར་འགྲིམ་འགྲུལ་འགྲོ་ཕྱོགས་ཐད་ལ་ཁ་ཏ་མང་ཙམ་བསྩལ་བ་དང་ཕྱོགས་གཉིས་ཀྱི་འཕྲུལ་ཆའི་ཆ་སྐྱོན་སྐོར་ལ་གྲོས་མཐུན་ཐག་གཅོད་ལེགས་པོར་བྱས་ཏེ་ཚང་མ་གནས་དེ་ལས་ཁ་བྲལ་སོང་། “སྐབས་དེར་ངས་འགྲིམ་འགྲུལ་ཉེན་རྟོག་པ་རྣམས་ལྷ་ཡི་རིགས་གཞན་ཞིག་ཏུ་ངོས་འཛིན་བྱས་པ་ཡིན།”རྒྱུ་མཚན་ནི། གང་དུ་ཉེན་ཁ་བྱུང་ན་དེ་རུ་ཁོ་ཚོ་སྐད་ཅིག་གིས་རྒྱུ་ཞིང་། སུ་ཞིག་དཀའ་ལས་དང་འཕྲད་ཚེ་དེ་རུ་ཁོ་ཚོའི་ཞུམ་མེད་ཀྱི་རམ་འདེགས་ཡོད་པས་ཡིན།

གཅུང་པོ་ངེད་གཉིས་ཕྱི་དྲོ་ནས་ཕྱིར་ཡུལ་ལ་འཁོར་དགོས་པས། དེ་འཕྲལ་ངེད་གཉིས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་མཁོ་ཆས་རྣམས་ཉོ་རུ་སོང་། ཕྱི་དྲོ་ཆུ་ཚོད་ལྔ་ལ་མ་ཟིན་གོང་ཕྱིར་ཡུལ་ལ་ལོག་ཆས་གྲ་སྒྲིག་ཐུབ་སོང་། དེ་རྗེས་ངེད་གཉིས་ཀྱིས་ལམ་རྒྱགས་ལ་བཟའ་བཅའ་འགའ་ཉོས་ཏེ་ལམ་དུ་ཞུགས། གཞུང་ལམ་གྱི་ངོས་སུ་ཁ་བ་སྲབ་པོ་ཞིག་གིས་དཀར་ལམ་མེར་བཀབ་འདུག་པས་ང་རང་ཅུང་ཙམ་ཞེད་སྣང་གིས་བསྐུལ་ཏེ་སྐྱོབ་ཐག་བཅིངས་པ་དང་“སྒྲོལ་མ་ཉེར་གཅིག”འདོན་པ་སོགས་ཀྱི་ལས་རིམ་ལ་ཞུགས། ལམ་གྱི་མཚམས་མཚམས་ཤིག་ལ་སླེབས་པ་ན། གྱེན་ལམ་རིང་པོ་ཞིག་ཡོད་པས་དེ་ནི་ཁ་བས་ཡོངས་སུ་གཡོགས་ནས་རླངས་འཁོར་གྱི་རྗེས་ཙམ་ཡང་མི་མཐོང་པར་གྱུར་འདུག། རེད་དེ་ངེད་གཉིས་མུ་མཐུད་ནས་དལ་བ་དལ་བུར་ངང་ལམ་དུ་ཆས། ལམ་གྱི་ཀྱོག་མཚམས་ཞིག་ལ་ཐུག་པའི་སྐབས་དེར་རླངས་འཁོར་གྱི་འཁོར་ལོ་གཉིས་ཀ་ཕྱིར་འགྲིལ་བརྒྱབ་པས་རླངས་འཁོར་རི་གཟར་གྱི་ངོས་སུ་ཤོར་སོང་། ཡིན་ནའང་ངེད་གཉིས་ཀས“སངས་རྒྱས་ཀྱིས་སྐྱོབ་རྗེ་བཙུན་སྒྲོལ་མས་སྐྱོབ”ཅེས་སྐད་ཤུགས་ཀྱིས་བོས་པས་རླངས་འཁོར་གློ་བུར་དུ་བསྡད་སོང་། གཅུང་པོ་ངེད་གཉིས་ནི་འཇིགས་སྐྲག་གིས་ལུས་པོ་ཡོངས་སྦྲིད་དེ་ཡུད་ཙམ་གྱི་རིང་ལ་ཅི་ཞིག་བཤད་དགོས་པ་མ་ཤེས་པར་ལུས། སྐྱོབ་ཐག་གི་བཀའ་དྲིན་ལ་བརྟེན་ནས་ལུས་ཀྱི་མགོ་མཇུག་བར་གསུམ་གང་ལའང་ཆག་སྒོ་མ་བྱུང་། ཉིན་དེ་ནས་བཟུང་ང་རང་རླངས་འཁོར་དུ་འདུག་པའི་སྐབས་གང་དུ་ཡང་སྐྱོབ་ཐག་དང་ཁ་འབྲལ་ཐབས་མེད་པར་ཆགས། ལྷག་པར་དུ་ཉིན་དེ་ནས་བཟུང་ང་ལ་སྐྱོབ་ཐག་གིས་སྐད་ཆ་སྨྲ་མི་ཤེས་ཀྱང་རང་ཉིད་ཉེན་ཁ་ལས་སྐྱོབ་མཁན་གྱི་གྲོགས་པོ་བཟང་པོ་ཞིག་གི་འདུ་ཤེས་བཞག་བྱུང་། ངས་ནམ་རྒྱུན་སྐྱོབ་ཐག་ནི་རང་ཉིད་རླངས་འཁོར་ལས་ཐག་རིང་ཐུང་གང་དུ་སོང་ཡང་སླུ་མེད་ཀྱི་འགྲོ་རོགས་བཟང་པོ་ཞིག་ཡིན་པ་སེམས་མྱོང་། དེ་རྗེས་གཅུང་པོ་ངེད་གཉིས་སླར་ཡང་ལམ་དུ་ཞུགས་ཏེ་ཆས་པ་ན་ཆུ་ཚོད་བདུན་ཡས་མས་ཙམ་གྱི་སྟེང་ནས་ཁྱིམ་དུ་སླེབས།

༼ དུ་སྤྲིན། ༽