ཡུན་རིང་སྒོམ་ལ་བཞུགས་པའི་སྙན་ངག་པ། །
ནོར་གྱི་རྒྱགས་ཕྱེ་ནོམ་པོ་མ་ལགས་ཀྱང་། །
སེམས་ཀྱིས་སླས་པའི་ཟླ་བའི་ལྷ་མོ་ཞིག །
སྨན་རུམ་མུན་པའི་ནམ་མཁར་གསལ་ལེར་འཆར། །
ཀྱེ་ཀྱེ་སྭ་ར་སྟི་གང་བདག་ལ་གསོན། །
ཚིག་སྦྱོར་དབྱངས་ཀྱི་རྟ་ཕོ་ང་ལ་གཡོར། །
འབྱམས་ཀླས་རྩྭ་ཐང་ཡངས་མོར་ཁོ་བོ་ཡིས། །
ཡིད་འོང་ལས་ཀྱི་བུ་མོར་སྙན་ངག་འབྲི། །
གཡུ་ཡི་མནྜལ་སྤུངས་པའི་གཞན་ཡུལ་དུ། །
ཕོ་སྟོང་འབྲུག་གི་ང་རོ་ཆེ་ན་ཡང་། །
གཞོམ་མེད་གཙང་གི་ཨོ་ལོའི་ཞིང་ཁམས་སུ། །
ཁྱེད་ཀྱི་འཇའ་ཚོན་བཞད་པས་ཅི་ལ་སྐྲག །
ས་འཛིན་དཀར་པོ་རྒྱང་ནས་མཇལ་བ་ན། །
གངས་ལྷ་མེ་ཏོག་འཛུམ་ཞལ་ཡིད་ལ་སྣང་། །
འཕྱོངས་རྒྱས་ཟླ་བ་སྒྲོལ་མའི་གྲིབ་གཟུགས་དེ། །
ཁྱེད་ཀྱི་ཕྱོགས་སུ་བལྟས་ན་ལྷང་ངེར་དྲན། །
འཇིག་རྟེན་ཁྲ་ཁྲ་འདི་ཡི་མི་ཚོགས་ཁྲོད། །
ཁྱེད་ཀྱི་རང་སེམས་གཙང་མ་བདག་ལ་སྦྱིན། །
ཟང་ཟིང་རྙོག་འཛིང་ཆེ་བའི་འདོད་ཆགས་ལ། །
ཁྱེད་ཀྱི་གསེར་གྱི་སྐེ་རགས་བདག་ལ་བཅིངས། །
ཤེས་བྱ་ཀུན་ལ་གཟིགས་པའི་ཡེ་ཤེས་སྤྱན། །
ཉི་མའི་དགུང་གི་སྨིན་དྲུག་འདྲ་ན་ཡང་། །
ཀྲི་ཀའི་འོག་ན་ཁྲག་རོག་ཟམ་ཟིམ་མིག །
བདག་གི་བློ་སེམས་བཀུག་པའི་ལྕགས་ཀྱུ་ལོས། །
༼ སྲད་འདབ་གསར། ༽