国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མཐོ་སྒང་གསོ་རླུང་དཀོན་ན་ཡང་།། ཟོལ་མེད་ལྷག་བསམ་ཀུན་ལས་ཆེ།།

མི་དམངས་ཉེན་རྟོག་པ་ལིའུ་ཕེང་ལ་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པའི་གཟི་བརྗིད་མཚན་སྙན་ཐོབ།

ལིའུ་ཕེང་གི་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་མདུན་དུ་བླངས་པའི་དྲན་རྟེན་གྱི་པར།

དཔའ་ངར་ཆེ་བས་མཚན་སྙན་མང་པོ་ཐོབ།། རྒྱང་སྐྱོད་སྙིང་སྟོབས་བྱ་སྤྱོད་དངོས་ལ་བསྒྱུར།།

ཉེ་ཆར། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་གནང་བའི་ཚོགས་ཆེན་པེ་ཅིང་དུ་འཚོགས། དཀར་མཛེས་རྫོང་སྤྱི་བདེ་ཅུས་ཤར་ཕྱོགས་ཡུལ་ཤོག་མངགས་གཏོང་ཁང་གི་མགོ་གཙོ་ལིའུ་ཕེང་ལ་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པའི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

ལིའུ་ཕེང་ལ་བྱ་དགའ་ཐོབ་རྗེས་ཁོང་གིས་སྤོབས་པ་ཆེན་པོས་གཟི་བརྗིད་དེ་ཐོབ་པ་ནི་ང་རང་ལ་ཁས་ལེན་ཞིག་ཡིན་ལ་སྐུལ་ལྕག་ཞིག་ཀྱང་དེ་བས་ཡིན། འབྱུང་འགྱུར་ངས་མུ་མཐུད་དེ་མཐོ་སྒང་ས་ཆར་གཞི་རྐང་བཙུགས་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱ་རྒྱུ་ཡིན། མེད་པ་ནི་གསོ་རླུང་ཡིན་ཡང་ཡོད་པ་ནི་ལྷག་བསམ་ཡིན་ཞེས་པའི་དམ་བཅའ་དེ་བྱ་སྤྱོད་དངོས་སུ་བསྒྱུར་ནས་གངས་ལྗོངས་མཐོ་སྒང་ས་ཆའི་ཁྱིམ་ཚང་ཁྲི་སྟོང་མང་པོ་སྲུང་སྐྱོང་དང་འགན་འཁྲི་ཕྲག་ཏུ་ཁུར་ནས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་བྱས་རྗེས་གཞག་རྒྱུ་ཡིན་ཞེས་བཤད།

དེ་སྔོན། ཁོང་ལ“རྒྱལ་ཡོངས་ཀྱི་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མི་དཔེ་བཟང་”དང“ཞིང་ཆེན་ཡོངས་ཀྱི་གུང་ཁྲན་ཏང་མི་ཕུལ་བྱུང་།” “རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་གྲུབ་འབྲས་མངོན་གསལ་དོད་པའི་མི་སྒེར།” “ཞིང་ཆེན་ཡོངས་ཀྱི་ཆེས་བཟང་བའི་གཞི་རིམ་མི་དམངས་ཉེན་རྟོག་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་མྱོང་བ་རེད། ད་ཐེངས་ཡང་བསྐྱར་གཟི་བརྗིད་མཚན་སྙན་ཐོབ་པ་དེ་ལས་སླ་པོ་དང་སྟབས་བདེ་པོ་གཏན་ནས་མིན་པར་ལོ་ཟླའི་ཆུ་རྒྱུན་རིང་མོའི་ནང་དཀའ་བ་དང་དུ་བླངས། ངལ་བ་ཁྱད་དུ་བསད་ནས་ཐོག་མཐའ་བར་གསུམ་དུ་དམངས་ཀྱི་ཆེད་དུ་ལྷག་བསམ་རྣམ་དག་གིས་འགན་འཁྲི་བསྒྲུབས་པ་དང་བློ་གཅིག་སེམས་གཅིག་གིས་ཞབས་ཞུ་བྱེད་པའི་བདེན་དཔང་ཞིག་གམ་གྲུབ་འབྲས་ཤིག་ཡིན་པ་རེད།

2000ལོར་ལིའུ་ཕེང་དྲག་ཆས་ཉེན་རྟོག་པ་ཙི་ཀུང་མེ་གསོད་རུ་ཁག་ནང་ཞུགས་ནས་མེ་ལྕེ་དང་དུ་སྨུག་ཁྲོད་ནས་འཚར་ལོངས་བྱུང་། 2001ལོར་ཙི་ཀུང་གྲོང་ཁྱེར་མ་ཧྥང་ཁྲོམ་གཞུང་དུ་མེ་སྐྱོན་བྱུང་སྐབས་ཁོང་གིས་ཉེན་ཁ་ལ་མི་འཛེམས་པར་མེ་ར་རུ་མཆོང་ནས་འབར་གས་ལ་ཉེ་བའི་རླངས་རྫ་ཕྱིར་ཕུད་པ་དང་། ཐོག་བརྩེགས༢༠ཅན་ནས་རང་སྲོག་གཅད་གྲབས་ཡོད་པའི་མང་ཚོགས་དང་འཕྲད་དུས་ཁོང་བྱ་འཕུར་བ་ལྟར་བརྒྱུགས་ནས་རོགས་སྐྱོབ་བྱས། འདི་ལྟར་ལྷག་བསམ་ལྡན་པའི་བྱ་བ་དང་དཔའ་ངར་ལྡན་པའི་རྣམ་འགྱུར་ལ་བརྟེན་ནས་ཁོང་ལོ་གཉིས་བསྟུད་མར་དམག་མི་ཕུལ་བྱུང་ལ་བདམས་ཡོད། 2008ལོར་གྲུབ་འབྲས་ཕུལ་དུ་བྱུང་བས་གྲོང་ཁྱེར་དུ་སྡོད་པའི་གོ་སྐབས་ཡོད་ཀྱང་ཁོང་གིས་བཏང་སྙོམས་སུ་བཞག་སྟེ་ཕ་ཡུལ་དཀར་མཛེས་ལ་ལོག་ནས་གཞི་རིམ་ཉེན་རྟོག་ལས་དོན་དུ་ཞུགས་པའི་བསམ་འདུན་བརྟན་པོར་བཅངས་ཏེ་གངས་ཅན་མཐོ་སྒང་སྲུང་སྐྱོང་གི་རྒྱང་སྐྱོད་གསར་པའི་ལམ་བུར་ཞུགས།

ལམ་མགོ་ལ་སྒང་ཉེན་རྟོག་ལས་དོན་ས་ཚུགས་ནི་ལིའུ་ཕེང་གིས་ལྷག་བསམ་གྱི་འཕྲིན་ལས་སྐྱོང་བའི་གཡུལ་སའི་གཙོ་བོ་ཡིན་ཞིང་། 2016ལོ་ནས་བཟུང་ཁོང་གིས་རུ་ཁག་གི་སྣེ་ཁྲིད་དེ་མཚོ་འཕགས་མཐོན་པོ་དང་གསོ་རླུང་མི་འདང་བའི་ཁོར་ཡུག་ཐབས་སྡུག་ཁྲོད་དུ། ལྷག་བསམ་ལྡན་པའི་ཉེན་རྟོག་ལས་དོན་དང་ཡུལ་སྐོར་ལ་བརྩེ་བ་བཅངས་པའི་ཉེན་རྟོག་ལས་དོན་ཐོག་མར་ཁྱབ་གདལ་བཏང་བ་དང་། ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ་རུ་ཁག་བཙུགས་ནས་ཉེན་རྟོག་ལས་དོན་ས་ཚུགས་ཆུ་ཚོད24ཡི་རིང་ལ“དུས་བདེ་ས་ཚུགས”ཀྱི་གྲས་སུ་ཚུད་པར་བྱས་ཡོད། ད་སྔའི་བར་ཁོང་གིས་འགྲོ་འོང་བྱེད་མཁན་མང་ཚོགས2000ལྷག་ལ་རོགས་སྐྱོབ་བྱས་ཡོད་ཅིང་། གནམ་གཤིས་གྲང་མོར་ཆུ་ཁོལ་ཚ་མོ་ཕོར་བ་གང་དང་། ལས་དུབ་ཀྱིས་མནར་བའི་འགྲུལ་བར་ངལ་གསོ་བྱེད་ཀྱི་ཉལ་ཁྲི་གཅིག། སྲོག་གི་ཉེན་ཁ་ལས་སྒྲོལ་བའི་མྱུར་སྐྱོབ་ཐེངས་གཅིག་སོགས་བྱ་བ་ཆེ་ཕྲ་རེ་རེ་ཡིས་དཀའ་ངལ་གྱི་གནས་སུ་ལྷུང་བའི་་ཡུལ་སྐོར་བ་མང་པོ་ལ་དྲོ་ཁོལ་བྱིན་པར་མ་ཟད། ལམ་མགོ་ལ་སྒང་དེ་རྒྱལ་སྲུང་ལམ་ཐིག317པའི་ཐོག་གི་ལྷག་བསམ་མཚོན་བྱེད་ཀྱི་ས་རྟགས་གལ་ཆེན་ཞིག་ཏུ་བསྐྲུན་པ་རེད།

ཉེན་རྟོག་པ་ཞིག་ཡིན་ཕྱིན་ནམ་ཡང་དཔའ་མི་ཞུམ་ཁོ་ཐག་ཡིན་ཞེས་པ་ནི་ལིའུ་ཕེང་གིས་བཞག་པའི་དམ་བཅའ་འགྱུར་མེད་ཡིན་ཞིང་། དོགས་ཡོད་ཉེས་ཅན་གྱིས་གྲི་རྣོན་པོ་གཡུགས་པ་དང་འཕྲད་དུས་ཁོང་གིས་ལག་སྟོང་ཡིན་ཡང་ཇི་མི་སྙམ་པར་འཐབ་གྲོགས་སྲུང་བར་ཐེ་ཚོམ་མེད། འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་རླངས་འཁོར་དཀན་གཟར་ནས་དཔྱང་བའི་ཡུལ་དངོས་སུ་ཁོང་གིས་རང་སྲོག་གི་ཉེན་ཁར་མ་འཛེམས་པར་ཡུལ་མི་སྐྱོབ་པར་ཕྱིར་ནུར་མི་བྱེད། གྲང་ངར་ཆེ་བའི་མཚན་མོར་ཁོང་རང་རྐང་ཐང་དུ་རང་སྲོག་གཅད་འདོད་ཡོད་པའི་ཡུལ་མི་འཚོལ་དུ་འགྲོ་བའི་ཆོད་སེམས་རི་བཞིན་བརྟན། ལིའུ་ཕེང་ལ་སེམས་སུ་མི་དམངས་ཀྱི་སྐྱིད་སྡུག་ཉར་ཞིང་དམངས་ཀྱི་ཆེད་དུ་སྐྱོ་ངལ་མེད་པར་ལས་དོན་ལ་མཐའ་གཅིག་ཏུ་གཞོལ་བའི་བསམ་

དམངས་ཀྱི་སྐྱིད་སྡུག་སེམས་སུ་ཉར།། དམངས་ཀྱི་དད་གུས་བླ་ལྷག་ཐོབ།།

སྤྱོད་བཟང་པོ་ཞིག་ཡོད་པས་མི་དམངས་མང་ཚོགས་ཀྱིས་ཀྱང་ཁོང་ལ་སེམས་གཏིང་ནས་དགའ་གུས་དང་ཡིད་ཆེས་བྱེད་ཀྱི་ཡོད་ལ། ཉེན་རྟོག་པ་དང་མང་ཚོགས་བར་འོ་ཆུ་གཅིག་འདྲེས་ཀྱི་འབྲེལ་བའི་དཔེ་མཚོན་གསོན་པོ་ཞིག་ཀྱང་མཐོ་སྒང་གི་ས་ཚུགས་འདིར་མཐོང་བཞིན་ཡོད་དོ།།

ཤར་ཕྱོགས་མངགས་གཏོང་ཁང་གི་མངའ་ཁོངས་ལ་སྤྱི་ལེ་གྲུ་བཞི་གྲུ་བཞི་མ252ཡོད་ཅིང་ཆ་སྙོམས་མཚོ་འཕགས་སྨི4000ཙམ་ཡོད། ས་ཁོངས་རྒྱ་ཆེ་བ་དེར་ལིའུ་ཕེང་གིས་གཞི་རིམ་བཅོས་སྐྱོང་ཁྲོད་དུ་རྒྱང་སྐྱོད་ཀྱི་སྙིང་སྟོབས་འདྲེས་སུ་བཅུག་ནས་དུས་བདེའི་གཉེར་པ་ཞེས་པའི་ལས་ཀའི་བྱེད་ཐབས་གསར་དུ་བཏོད་ཡོད།“མེ་མདའ་བསྡུ་བ་དང་འབར་གས་བཅོས་སྐྱོང”གྲུབ་འབྲས་སྤྱི་བདེ་ཅུས་ཡོངས་ཀྱི་ཨང་དང་པོ་ཡིན་ལ་ཞིང་ཆེན་ཡོངས་ཀྱི་སྔོན་གྲལ་དུ་སླེབས། འབྲོག་ཁུལ་དུ་རྟ་ནོར་རྐུ་བའི་གྱོད་དོན་ལ་དམིགས་ནས། ཁོང་གིས་རྟ་ནོར་གྱི་རྗེས་གཅད་རྩད་གཅོད་བྱེད་ཐབས་ཞིབ་འཇུག་བྱས་ཏེ། གྱོད་དོན་རབ་དང་རིམ་པ་རྩད་ཆོད་ནས་མང་ཚོགས་ལ་དཔལ་འབྱོར་གྱོང་གུན་སྒོར་ཁྲི600ལྷག་གསབ་པ་དང་། ཁོང་གིས་སྣེ་ཁྲིད་དེ་རྩྭ་ས་དང་གཉེན་སྒྲིག་བརྩེ་དུང་སོགས་ཀྱི་འགལ་བ་རྩོད་གཞི120ལྷག་ཐག་བཅད་དེ་འགལ་བ་གྲོང་སྡེ་ལས་བརྒལ་ནས་ཐག་གཅོད་མི་དགོས་པ་དང་དུས་བདེ་དོན་རྐྱེན་མི་བུད་པའི་དམིགས་འབེན་ཡོངས་སུ་གྲུབ་པ་རེད།ལིའུ་ཕེང་གིས་ཡིད་ཆེས་ཆེན་པོས་ལམ་མགོ་ལ་སྒང་དུ་གསོ་རླུང་འདུས་ཚད་བརྒྱ་ཆ50ལས་མེད་ཀྱང་ང་ཚོ་ཉེན་རྟོག་པས་དམངས་ལ་བཅངས་པའི་ལྷག་བསམ་གྱི་དཀར་ཚད་ནི་བརྒྱ་ཆ་བརྒྱ་ཡིན་ཞེས་བཤད་པའི་དམ་བཅའ་ནི་ལམ་མགོ་ལ་སྒང་གི་ཉེན་རྟོག་པ་ཚང་མའི་བྱ་སྤྱོད་ཀྱི་རྩ་འཛིན་ཡིན་པར་མ་ཟད། གངས་ཅན་མཐོ་སྒང་དུ་རྗེས་སུ་ཡི་རང་གི་ཤུགས་རྐྱེན་ཆེན་པོ་ཡང་ཐེབས་ཡོད། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དང་བཅིངས་འགྲོལ་དམག་ཚགས་པར་སོགས་འཕྲིན་སྦྱོར་གྱིས་གནས་ཚུལ་སྤེལ་བར་བརྟེན། ལམ་མགོ་ལ་སྒང་ཉེན་རྟོག་ལས་དོན་ས་ཚུགས་དེ་བོད་འབྲེལ་ས་ཁུལ་གྱི་བསམ་པ་རྟེན་བྱེད་ཅིག་ཏུ་གྱུར་ནས། དུས་རབས་ཀྱི་དཔེ་བཟང་འགྱུར་མེད་རྡོ་རྗེ་གཙོས་པའི་ལས་བྱེད་པ་དང་འགྲུལ་བ་ཚོར་ཡོང་ནས་གུས་འདུད་ཀྱང་ཞུས་པ་རེད།

མེ་གསོད་འཐབ་འཛིང་པ་ཞིག་ནས་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པར་གྱུར་པའི་ལིའུ་ཕེང་གིས་མཐོ་སྒང་ས་ཆར་མང་པོར་ངལ་མེད་ཀྱི་རྐང་རྗེས་བཞག་པ་དང་། ལྷག་བསམ་རྣམ་པར་དག་པའི་རལ་གྲི་འཕྱར་ཏེ་མཐོ་སྒང་གི་བདེ་འཇགས་སྲུང་བ། བྱམས་དང་སྙིང་རྗེ་ཆེན་པོས་མཐུན་སྒྲིལ་གྱི་མེ་ཏོག་བསྐྱངས་ཡོད། ཁོང་གི་གཏམ་རྒྱུད་ནི་དུས་རབས་གསར་པའི་འབད་འབུངས་པ་རྣམས་ཀྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཡིན་ལ་དཔེ་སྟོན་གྱི་དར་ཆ་ཞིག་ཀྱང་ཡིན་ཞིང་། མི་མང་པོར་རང་རང་སོ་སོའི་ལས་གནས་སུ་ཐོག་མའི་བསམ་འདུན་བརྟན་སྲུང་དང་བློ་སྟོབས་ཆེན་པོས་མདུན་དུ་སྐྱོད་པར་སྐུལ་མ་བཏང་དང་གཏོང་བཞིན་ཡོད་དོ།།

( ཀུན་དགའ་བསམ་གཏན་གྱིས་བསྒྱུར།)