ཨ་མ་ལགས། མི་ཚེ་ནི་ལོ་དང་ཟླ་བ། ཉིན་དང་ཞག་མ་རེ་རེ་ལས་འདུ་འབྲལ་རེས་མོས་སུ་འཁོར་ལ། དུས་ཚོད་ཀྱི་འགྲོས་ནི་ཆུ་མོའི་རྒྱུན་བཞིན་བཞུར་ཞིང་། ལོ་ཟླའི་ཁ་ཆར་གྱིས་མི་ཚེ་རིང་མོ་འདི་ལ་ཁ་དོག་གང་མང་ཞིག་བསྒོ་སྲིད། འོན་ཀྱང་བུ་མོ་ངའི་དྲན་གདུང་གི་ཆུ་ཤེལ་མེ་ལོང་ངོས་སུ་ཆེས་གསལ་པོ་ཞིག་ཡོད་པ་ནི་ཨ་མ་ལགས་ཀྱི་སྣང་བརྙན་ཡིན།
ཁོང་གི་གཟུགས་རིང་ལ་བཞིན་རས་ནི་བཅོ་ལྔའི་ཆུ་ཤེལ་དཀྱིལ་འཁོར་ལྟར་དཀར་ཞིང་འཇམ་ལ་སྤྱན་རས་ཟུང་ནི་ཐོ་རངས་སྐར་ཆེན་དང་འདྲ་ཞིང་སྨིན་མའི་དཀྱུས་རིང་བ། གནག་ཅིང་འོད་འཁྱུག་པའི་སྐྲ་ལོ་འཇམ་ཞིང་རིང་ལ་ཡིད་དུ་འོང་བ་ཞིག་ཡིན་པ་དང་། དུས་རྒྱུན་གདོང་ལ་བྱམས་བརྩེའི་འཛུམ་གྱིས་ཁེངས་པའི་སྐྱེས་མ་ཞིག་ཡིན། ནམ་རྒྱུན་འཚོ་བའི་ཁྲོད་དུ་བོད་ལྭ་གྱོན་པར་དགའ་ལ་ལྷག་པར་དུ་ཕྱག་ཏུ་བཟུང་བའི་ཙན་དན་ནག་པོའི་ཕྲེང་བ་དེ་ནི་ཁོང་ལ་མཚོན་ན་ཆེས་འབྲལ་མེད་ཀྱི་གཅེས་ནོར་ཉག་གཅིག་ཡིན།
ཨ་མ་ལགས། ངས་འཇིག་རྟེན་དཀར་ངོགས་འདི་ནས་ངུ་ངག་གི་དབྱངས་རྟ་ཐོག་མ་དེ་དཀྲོལ་དུས། ཁྱེད་ཀྱིས་རུམ་ཁུག་ནས་བྱམས་སེམས་ཀྱིས་ཁེངས་པའི་བརྩེ་བས་བསུས་ཤིང་། ཞིམ་མངར་ལྡན་ཞིང་བཅུད་ཀྱིས་གཏམས་པའི་ནུ་ཞོ་བསྣུན་ཏེ་ཡུན་གྱིས་གསོས། རྟག་པར་བུ་མོ་ལ་འགྲོ་འདུག་གི་གོམ་སྟབས་བསླབས་ཤིང་བརྩེ་བས་འཚོས། ཨ་མ་ལགས། ཁྱེད་ནི་ངའི་མཚར་སྡུག་གི་མི་ཚེ་ཁྲོད་དུ་དྲི་བསུང་ཕྱོགས་བཅུར་འཐུལ་བའི་མེ་ཏོག་དེ་ཡིན། དྲན་པ་འབུམ་ཕྲག་གི་ཀློང་ནས་འཚེར་བའི་ཉི་མ་ཟེར་བོ་དེའང་ཡིན། དེ་བས་ཀྱང་། ཁྱེད་ནི་ངའི་འཚོ་བ་ལ་འོད་སྣང་དང་བྱིས་དུས་ལ་སྤྲོ་སྣང་སྦྱིན་མཁན་གྱི་རྒྱུ་སྐར་ཚོམ་བུ་དེ་ཅི་ལ་མིན།
ཨ་མ་ལགས། ཁྱེད་ནི་རྩོད་ལྡན་སྙིགས་དུས་སུ་མི་ཡུལ་དུ་བྱོན་པའི་ལྷ་གསོན་པོ་དེ་ཡིན་པས། དབང་དང་ངོ་སོ་མེད་པས་ཅི་སྐྱོ། རྒྱུ་དང་འབྱོར་བ་ཞན་པས་ཅི་ཕམ། ཁྱེད་ཡོད་པས་འཇིག་རྟེན་འོད་སྣང་གིས་ཁེངས་ཡོད། ང་ལ་ཁྱེད་ཁོ་ན་ལས་ཅི་ཡང་མི་མཁོ། ངའི་སྙིང་དབུས་ཀྱི་སྐར་མ་འོད་ཆེན་ལགས།
༼ དྷི་བཟའ་བསྟན་འཛིན་སྒྲོན་མ། ༽